ཝེ་ནེ་ཙུའེ་ལཱ་དང་ཨ་མེ་རི་ཁས་འབྲེལ་བ་ལེགས་བཅོས་བྱེད་པར་ཡིད་འཐད་བྱུང་།
2024.07.04 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 25

ཝེ་ནེ་ཙུའེ་ལཱའི་སྲིད་གཞུང་གིས་ཚེས3ཉིན་བསྟན་དོན། ཝེ་ནེ་ཙུའེ་ལཱ་དང་ཨ་མེ་རི་ཁས་འབྲེལ་བ་ལེགས་བཅོས་བྱེད་པར་ཡིད་འཐད་བྱུང་བར་མ་ཟད། ཕན་ཚུན་བརྩི་འཇོག་བྱེད་པའི་རྨང་གཞིའི་སྟེང་འབྲེལ་འདྲིས་སྲུང་འཛིན་བྱེད་རྒྱུ་ཡིན་ཟེར།

ཨ་མེ་རི་ཁའི་བར་གྲོས་མོལ་བྱེད་པའི་འགན་ཁུར་བའི་ཝེ་ནེ་ཙུའེ་ལཱའི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་གྱི་ཀྲུའུ་ཞི་ལོ་ཏི་ལི་ཀི་སི་ཡིས་ཚེས་གསུམ་ཉིན་སྨྱན་བྱད་བརྒྱུད་དེ་བཤད་རྒྱུར། ཨ་མེ་རི་ཁའི་བར་ཐོག་མའི་འབྲེལ་འདྲིས་བྱས་རྗེས། ཕྱོགས་གཉིས་བར་ཐུན་མོང་གི་ལྟ་ཚུལ་བྱུང་ཡོད་པ་དང་། རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་གིས་མཉམ་དུ་འབད་པ་ཆེན་པོས་ཡིད་ཆེས་སླར་གསོ་བྱས་ནས་འབྲེལ་བ་ལེགས་བཅོས་བྱས་ཏེ། ཕན་ཚུན་བརྩི་འཇོག་བྱེད་པའི་རྨང་གཞིའི་སྟེང་འཛུགས་སྐྲུན་རང་བཞིན་ལྡན་པའི་འབྲེལ་འདྲིས་སྲུང་འཛིན་བྱེད་འདོད་ཡོད་ལ། གྲོས་མོལ་དེས་ངེས་པར་དུ་ཕྱོགས་གཉིས་ཀྱིས་ན་ནིང་ཁཱ་ཐར་གྲོས་མོལ་སྐབས་བཀོད་པའི་གྲོས་མཐུན་གཞིར་འཛིན་དགོས་ཟེར།

ཉིན་དེའི་སྔ་དྲོར། ཨ་མེ་རི་ཁ་དང་ཝེ་ནེ་ཙུའེ་ལཱ་རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་གི་འཐུས་མིས་དྲ་ཐོག་ནས་ཐད་ཀར་གྲོས་མོལ་བྱས་ཏེ། གནད་དོན་མང་བོར་གྲོས་བསྡུར་བྱས་པ་དང་། དེའི་ནང་ཟླ་འདིའི་ཚེས28ཉིན་སྤེལ་རྒྱུ་ཡིན་པའི་ཝེ་ནེ་ཙུའེ་ལཱའི་འདེམ་བསྐོ་ཆེན་མོའང་འདུས་ཡོད་ཟེར།

ཟླ་འདིའི་ཚེས་གཅིག་ཉིན། ཝེ་ནེ་ཙུའེ་ལཱའི་ཙུང་ཐུང་མཱ་ཏུའུ་ལོ་ཡིས་རྒྱལ་ཁབ་བརྙན་འཕྲིན་ཁང་བརྒྱུད་དེ་ཁྱབ་བསྒྲགས་བྱས་དོན། ཨ་མེ་རི་ཁ་ཕྱོགས་ཀྱི་རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་གིས་ཐད་ཀར་གྲོས་མོལ་བྱེད་པའི་སྐོར་གྱི་གྲོས་གཞི་དང་ལེན་བྱེད་པ་དང་། ཨ་མེ་རི་ཁའི་སྲིད་གཞུང་བར་གྱི་ཐད་ཀར་གྲོས་མོལ་སླར་གསོ་བྱེད་རྒྱུ་ཡིན་ཟེར།

ཨ་མེ་རི་ཁས་བསྟུད་མར་ཝེ་ནེ་ཙུའེ་ལཱར་ཐེ་གཏོགས་བྱས་ཏེ་སྲིད་འགྱུར་སོགས་ཀྱི་ཐབས་ལ་བརྟེན་ནས་མཱ་ཏུའུ་ལོ་སྲིད་གཞུང་རྩ་རྫོགས་བྱེད་རྩིས་བྱས་པའི་དབང་གིས། ཝེ་ནེ་ཙུའེ་ལཱ་ཡིས2019ལོའི་ཟླ་དང་པོ་ནས་བཟུང་ད་ལྟའི་བར་ཨ་མེ་རི་ཁའི་བར་གྱི་འབྲེལ་ཐག་བཅད་པ་རེད། ཨ་མེ་རི་ཁ་ཕྱོགས་ཀྱིས་རྒྱུན་ཆད་མེད་པར་ཝེ་ནེ་ཙུའེ་ལཱའི་དཔལ་འབྱོར་བཀག་སྡོམ་ལ་ཤུགས་སྣོན་བྱས། དེའི་ནང་ཝེ་ནེ་ཙུའེ་ལཱའི་མ་བཅོས་རྡོ་སྣུམ་གྱི་ཕྱིར་གཏོང་གཏན་འགོག་བྱེད་པ་སོགས་འདུས།

ན་ནིང་ཟླ10བར། ཨ་མེ་རི་ཁས་ཝེ་ནེ་ཙུའེ་ལཱའི་རྡོ་སྣུམ་དང་སོལ་རླངས་ཀྱི་བཀག་སྡོམ་བྱེད་ཐབས་དེ་ཟླ་ངོ་དྲུག་རིང་ཇེ་ལྷོད་དུ་བཏང་ཡང་། ད་ལོའི་ཟླ4བར་བཀག་སྡོམ་བྱེད་ཐབས་ཡང་བསྐྱར་སླར་གས་བྱས་པ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།