དབྱི་སི་རལ་གྱི་སྲིད་གཞུང་གི་དཔོན་རིགས་ཀྱིས་ཚེས་བཞི་ཉིན་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བདེན་དཔང་བྱས་དོན། དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་ཡིས་མུ་མཐུད་དུ་ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སིའི་བར་འཁྲུག་རྩོད་མཚམས་འཇོག་པ་དང་བཀག་འཇུག་ཐེབས་པའི་མི་སྣ་ཕྱིར་གཏོང་བ་སོགས་ཀྱི་ཐད་ནས་བརྒྱུད་པའི་གྲོས་མོལ་སྤེལ་བར་ཆོག་མཆན་བཀོད་ཡོད་ཟེར།
དཔོན་རིགས་དེས་བཤད་རྒྱུར། གྲོས་བསྡུར་རགས་ཙམ་བྱས་པ་བརྒྱུད། ནེ་ཐཱ་ནི་ཡཱ་ཧུའུ་ཡིས་བཀག་འཇུག་ཐེབས་པའི་མི་སྣ་ཕྱིར་གཏོང་བའི་གནད་དོན་གྱི་གྲོས་མོལ་ཚན་ཆུང་མངག་གཏོང་བྱེད་པར་ཆོག་མཆན་བཀོད་ཡོད་ཟེར་ཡང་། དཔོན་རིགས་དེས་གྲོས་མོལ་བྱེད་སའི་ས་ཁུལ་གང་ཡིན་གསལ་བོར་བསྒྲགས་མེད།
དབྱི་སི་རལ་གྱི་སྨྱན་བྱད་མང་བོས་ཚེས་བཞི་ཉིན་བསྒྲགས་པ་ལྟར་ན། ནེ་ཐཱ་ནི་ཡཱ་ཧུའུ་ཡིས་མུ་མཐུད་དུ་ཧཱ་མཱ་སིའི་བར་གྲོས་མོལ་བྱེད་པར་ཆོག་མཆན་བཀོད་ཟེར། དབྱི་སི་རལ་གྱི་སྤྱི་བའི་རྒྱང་སྒྲོག་ཀུང་ཟིས་བཤད་རྒྱུར། དབྱི་སི་རལ་གྱི་སྲིད་གུཞང་གིས་གྲོས་མཐུན་འགོད་པར་རེ་བ་ཆེན་པོ་ཡོད་པ་དང་། ཧཱ་མཱ་སི་ཡིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དུས་གཏན་དུ་འཁྲུག་རྩོད་མཚམས་འཇོག་པར་ཡིག་ཐོག་གི་ཁག་ཐེག་བྱེད་དགོས་པའི་སྐོར་གྱི་རེ་བ་དེ་བསྐྱུར་བར་འཐད་པ་བྱུང་ཡོད་ཟེར།
དབྱི་སི་རལ་གྱི་གསང་འཕྲིན་དང་དམིགས་བསལ་མཁོ་སྒྲུབ་ཅུའུ་ཡིས་ཚེས་གསུམ་ཉིན་གྱི་དགོང་མོར་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱིས་ཧཱ་མཱ་སི་དང་མཉམ་དུ་ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པ་དང་དབྱི་སི་རལ་ཕྱོགས་ཀྱིས་བཀག་འཇུག་མི་སྣ་ཕྱིར་གཏོང་བའི་གྲོས་གཞིའི་ལན་གསར་བ་སོགས་ལ་ཞིབ་འཇུག་བྱེད་བཞིན་ཡོད་ཟེར། གསལ་སྒྲོག་ལས་བཤད་རྒྱུར། དབྱི་སི་རལ་ཕྱོགས་ཀྱིས་གྲོས་མོལ་ཚན་ཆུང་ལ་ཧཱ་མཱ་སིའི་བཀག་འཇུག་མི་སྣ་ཕྱིར་གཏོང་བའི་རྩ་གནད་ཀྱི་བསམ་འཆར་བརྒྱུད་སྒྲོག་བྱས་ཡོད་པ་དང་། དེས་དཔྱད་འཇོག་བྱེད་བཞིན་ཡོད་ལ། འདུམ་འགྲིག་བྱེད་མཁན་གྱིས་དབྱི་སི་རལ་ཕྱོགས་ལ་ལན་སྟེར་རྒྱུ་རེད་ཟེར།
ཧཱ་མཱ་སི་ཡིས་ཚེས་གསུམ་ཉིན་གྱི་དགོང་མོར་གསལ་སྒྲོག་ཐུང་ངུ་སྤེལ་ཏེ། ཧཱ་མཱ་དང་འདུམ་འགྲིག་ཕྱོགས་ཀྱིས་བསམ་ཚུལ་བརྗེ་རེས་བྱས་པ་དང་། དམིགས་ཡུལ་ནི་དབྱི་སི་རལ་གྱིས་ཕཱ་ལེ་སི་ཐན་མི་དམངས་ལ་བཙན་འཛུལ་བྱེད་པ་མཚམས་འཇོག་ཏུ་འཇུག་པའི་ཆེད་དུ་ཡིན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།