ཚེས4ཉིན་སུའུ་ཏན་ས་གནས་རྩ་འཛུགས་སིན་ནའར་འགོག་རྒོལ་ཨུ་ཡོན་ལྷན་ཁང་གིས་བཤད་རྒྱུར། རྒྱལ་ཁབ་དེའི་དབུས་རྒྱུད་ཀྱི་སིན་ནའར་མངའ་སྡེའི་ཨ་པུའུ་ཧུའུ་ཅའར་གྲོང་ཁྱེར་དུ་ཉིན་དེར་གྲུ་གཟིངས་ཆུར་ནུབ་པའི་དོན་རྐྱེན་ཞིག་བྱུང་ནས། ཉུང་མཐར་ཡང་མི25རྐྱེན་ལམ་དུ་ཤོར་བ་དང་དེའི་ནང་མང་ཆེ་བ་བུད་མེད་དང་བྱིས་པ་རེད་ཟེར།
སིན་ནའར་འགོག་རྒོལ་ཨུ་ཡོན་ལྷན་ཁང་གི་གསལ་བསྒྲགས་ཤིག་གི་ནང་དུ་བསྟན་དོན། དོན་རྐྱེན་བྱུང་སྐབས་ཡུལ་འཁྱམ་པའི་མི་སེར་དཀྱུས་མ་སྐོར་ཞིག་ཤིང་གྲུ་ཞིག་ལ་བསྡད་དེ་སིན་ནའར་མངའ་སྡེ་ནས་བྲོས་བྱོལ་ལ་འགྲོ་བཞིན་ཡོད་ཟེར།
ད་ལོའི་ཟླ6པའི་ཟླ་མཇུག་ནས་བཟུང་། སུའུ་ཏན་དྲག་ཆས་དམག་དཔུང་དང་སུའུ་ཏན་གྱི་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་གིས་སིན་ནའར་མངའ་སྡེ་ཚོད་འཛིན་དབང་ཆར་དམིགས་ནས་འཕྲོག་རྩོད་དྲག་པོ་བྱས་པས་མི་སེར་དཀྱུས་མ་མང་པོ་ཡུལ་འཁྱམ་མི་བྱེད་ཀ་མེད་བྱུང་། མཉམ་འབྲེལ་རྒྱལ་ཚོགས་མི་ཆོས་རིང་ལུགས་ལས་དོན་མཐུན་སྦྱོར་ཐིན་གྱི་གཞི་གྲངས་གསར་ཤོས་ལས་མངོན་པ་ལྟར་ན། མི་ཁྲི་5.54ལྷག་ཙམ་མངའ་སྡེ་དེའི་ཞིན་ཅ་གྲོང་ཁྱེར་ནས་བྲོས་བྱོལ་ལ་སོང་ཡོད་པ་རེད།
2023ལོའི་ཟླ4ཚེས15ཉིན། སུའུ་ཏན་དྲག་ཆས་དམག་དཔུང་དང་སུའུ་ཏན་གྱི་མགྱོགས་མྱུར་རོགས་སྐྱོར་དམག་དཔུང་བར་རྒྱལ་ས་ཁཱ་ཐུའུ་མུའུ་རུ་འཁྲུག་རྩོད་དྲག་པོ་བྱུང་བ་དང་། དེའི་རྗེས་སུ་དམག་འཁྲུག་གི་མེ་ལྕེ་དེ་ས་ཁུལ་གཞན་དུ་ཁྱབ་ཡོད་པ་རེད། ལོ་གཅིག་ལྷག་ཙམ་ལ་རྒྱུན་མཐུད་པའི་འཁྲུག་རྩོད་དྲག་པོ་ལས་སུའུ་ཏན་གྱི་མི་ཁྲི1.66ཙམ་རྐྱེན་ལམ་དུ་ཤོར་བ་དང་མི་ས་ཡ་དགུ་དང་འབུམ་བཞི་ཙམ་ཡུལ་འཁྱམ་པར་གྱུར་ཡོད།
གཡང་འབུམ་རྒྱལ་གྱིས་བསྒྱུར།