ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་ཨ་སི་ཐཱ་ནཱའི་མཐོ་རིམ་གྲོས་ཚོགས་ཚེས་བཞི་ཉིན་བསྡུས། ཚོགས་ཞུགས་རྒྱལ་ཁབ་མང་བོའི་མགོ་ཁྲིད་པས་གཏམ་བཤད་སྤེལ་སྐབས་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱིས་བདེ་འཇགས་དང་འཕེལ་རྒྱས། གཏན་འཇགས་བཅས་ཀྱི་ཐད་བྱས་རྗེས་གལ་ཆེན་བཞག་པར་གདེང་འཇོག་ཆེན་པོ་བྱས་པ་དང་། སྔར་ལས་ལྷག་པའི་སྒོ་ནས་ཕྱོས་མང་བོའི་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ་འཛམ་གླིང་སྣེ་མང་ཅན་དང་དཔལ་འབྱོར་འཛམ་གླིང་ཅན་ལ་སྐུལ་འདེད་གཏོང་དགོས་པའི་ཚུལ་བསྟན།
ཨུ་རུ་སི་དཀར་པོའི་ཙུང་ཐུང་ལུའུ་ཁཱ་ཧྲིན་ཁི་ཡིས་ཉིན་དེར་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཀྱི་མགོ་གཙོའི་ལས་འཛིན་ཚོགས་པའི་གྲོས་ཚོགས་ཐེངས་ཉེར་བཞི་བའི་སྟེང་གཏམ་བཤད་སྤེལ་སྐབས་བཤད་རྒྱུར། ཨུ་རུ་སི་དཀར་པོ་ཧྲང་ཧེ་མཉམ་ལས་རྩ་འཛུགས་ནང་ཞུགས་པ་ནི་ཨུ་རུ་སི་དཀར་པོའི་མི་དམངས་ལ་ལེགས་སྐྱེས་གྱ་ནོམ་པ་ཞིག་སྟེར་བའི་ཆེད་དུ་ཡིན། ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱིས་གཅིག་རྐྱང་གི་འཛམ་གླིང་འགོག་ར་གཏོར་བཤིག་གཏོང་བའི་ནུས་པ་ཡོད་པ་དང་། སྤྱི་ཚོགས་ཀྱི་འདྲ་མཉམ་མིན་པའི་སྣང་ཚུལ་དང་། འབྲུ་རིགས་དང་ཐོན་ཁུངས་དཀོན་པ་ལས་བྱུང་བའི་འགལ་བ་དང་འཁྲུག་རྩོད་སྣ་ཚོགས་ཐག་གཅོད་བྱེད་པར་རོགས་སྐྱོར་བྱེད་ཐུབ་ཟེར། ལུའུ་ཁཱ་ཧྲིན་ཁི་ཡིས་བཤད་རྒྱུར། ངེས་པ་དོན་གྱི་ཕན་ཚུན་འབྲལ་ཐབས་མེད་པའི་འཛམ་གླིང་ཡོངས་ཀྱི་བདེ་འཇགས་འཛུགས་པར་འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་མང་ཆེ་བས་རང་འགུལ་གྱིས་འགུལ་སྐྱོད་སྤེལ་དགོས། རྒྱུ་མཚན་ནི་ནུབ་ཕྱོགས་རྒྱལ་ཁབ་དག་ལ་ད་ལྟ་དེ་འདྲའི་ནུས་པ་མེད་པས་ཡིན་ཟེར། ཁོས་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དག་གིས་མཉམ་དུ་འབད་བརྩོན་བྱས་ནས། ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་དབང་གྲགས་ཇེ་ཆེར་གཏོང་བ་དང་གྲོགས་པོའི་ཁྱབ་ཁོངས་མུ་མཐུད་དུ་རྒྱ་བསྐྱེད་པར་འགན་སྲུང་བྱེད་དགོས་པའི་འབོད་སྐུལ་བཏང་།
ཧཱ་སག་སི་ཐན་གྱི་ཙུང་ཐུང་ཐའོ་ཁཱ་ཡེ་ཧྥུའུ་ཡིས་བཤད་རྒྱུར། ཧྲང་ཧེ་མཉམ་ལས་རྩ་འཛུགས་དེ་ཧྲང་ཧེའི་སྙིང་སྟོབས་ཀྱི་རྨང་གཞིའི་སྟེང་རྒྱལ་ཁབ་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བའི་ནུས་ལྡན་རྐྱེན་སྲོལ་ཞིག་ཏུ་གྱུར་ཡོད། བདེ་འཇས་ཁྱབ་ཁོངས་ཀྱི་ཡིད་ཆེས་དང་མཉམ་ལས་ནི་སྔར་བཞིན་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་ཐོག་མའི་འཕེལ་རྒྱས་ཁ་ཕྱོགས་ཡིན། མིག་སྔར་རྒྱལ་སྤྱིའི་འབྲེལ་བའི་མ་ལག་དེ་ཉམས་ཉེན་གྱི་གནས་སུ་ལྷུང་བའི་གནས་ཚུལ་འོག ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱིས་ངེས་པར་དུ་རང་གི་གཏན་འཇགས་རང་བཞིན་དང་གསར་གཏོད་རང་བཞིན་ལ་ཤུགས་སྣོན་བྱེད་དགོས། དེ་ལས་གཞན་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱིས་མུ་མཐུད་དུ་དཔལ་འབྱོར་ཉོ་ཚོང་མཉམ་ལས་རྒྱ་བསྐྱེད་དེ། མ་དངུལ་དང་ལག་རྩལ་གྱི་འཁོར་རྒྱུག་ཐད་ཆ་རྐྱེན་བསྐྲུན་དགོས་པ་དང་། ཞོར་དུ་ནུས་མཐོའི་སྐྱེལ་འདྲེན་བར་ཁྱམས་དང་བློ་གཏོད་རུང་བའི་མཁོ་འདོན་མུ་འབྲེལ་བཙུགས་ནས། ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་ས་ཁོངས་གཅིག་འབྲེལ་གཅིག་བརྟེན་གཏིང་ཟབ་ཏུ་སྤེལ་དགོས་ཟེར། ཁོས་ནན་གྱིས་བསྟན་དོན། ཧཱ་སག་སི་ཐན་ཕྱོགས་ཀྱིས་མུ་མཐུད་དུ་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་ཀྱི་གྲོས་འདོན་དང་ལི་ཧེ་རྒྱ་མཚོ་བརྒལ་བའི་རྒྱལ་སྤྱིའི་སྐྱེལ་འདྲེན་རྒྱུ་ལམ་སོགས་སྦྲེལ་མཐུད་མཉམ་ལས་ལ་མཐོང་ཆེན་བྱས་ཏེ་སྐུལ་འདེད་གཏོང་འདོད་ཡོད་ཟེར།
ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་བཤད་རྒྱུར། དེང་སྐབས་འཛམ་གླིང་ཧྲིལ་བོར་མྱུར་མོར་འགྱུར་ལྡོག་འབྱུང་བཞིན་ཡོད་པས། ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱིས་རྒྱལ་སྤྱིའི་ལས་དོན་ཁྲོད་རང་འགུལ་གྱིས་ནུས་པ་འདོན་སྤེལ་བྱེད་དགོས་པ་བསྙོན་མེད་རེད་ཟེར། ཁོས་ནན་གྱིས་བསྟན་དོན། སྣེ་མང་འཛམ་གླིང་དེ་མངོན་འགྱུར་བྱུང་ཡོད་པ་དང་། འདྲ་མཉམ་གྱི་འཛམ་གླིང་སྒྲིག་ལམ་བཏོན་ནས་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱེད་པ་དང་། སྲོལ་རྒྱུན་གྱི་རིན་ཐང་ལྟ་བར་སྲུང་སྐྱོབ་བྱེད་པའི་རྒྱལ་ཁབ་ཀྱི་གྲོགས་པོའི་ཚོགས་པ་རྒྱ་བསྐྱེད་དགོས་ཟེར།
ཝུའུ་ཙི་པེ་ཁི་སི་ཐན་གྱི་ཙུང་ཐུང་མུས་ཨར་ཅི་ཡའོ་ཡེ་ཧྥུའུ་ཡིས་སྔར་ལས་ལྷག་པའི་སྒོ་ནས་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་སྒྲོམ་གཞིའི་ནང་གི་ཕྱོགས་མང་བོའི་གྲོགས་པོའི་འབྲེལ་བ་རྒྱ་བསྐྱེད་དགོས་པའི་འབོད་སྐུལ་བཏང་།
ཕཱ་ཁི་སི་ཐན་གྱི་ཙུང་ལི་ཞཱ་པཱ་ཙི་ཡིས་ཞུ་ཚིག་འབུལ་སྐབས་ཕཱ་ཁི་སི་ཐན་གྱིས་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་སྒྲིག་ཡིག་གི་རྩ་དོན་ཐད་ཀྱི་དམ་བཅའ་བརྟན་པོ་ཡིན་པ་བསྐྱར་སྒྲོག་བྱས།
ཐཱ་ཅི་ཁི་སི་ཐན་གྱི་ཙུང་ཐུང་ལཱ་ཧི་མིན་གྱིས་བཤད་རྒྱུར། ཐཱ་ཅི་ཁི་སི་ཐན་ཕྱོགས་ཀྱིས་ཁོངས་གཏོགས་རྒྱལ་ཁབ་དག་གིས་ཐཱ་ཅི་ཁི་སི་ཐན་གྱི་རྒྱལ་ས་ཏུའུ་ཧྲ་པེ་ནས་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་དུག་འགོག་ལྟེ་གནས་བཙུགས་པར་བཀའ་དྲིན་ཞུ་བཞིན་ཡོད་པ་དང་། ཐཱ་ཅི་ཁི་སི་ཐན་སྲིད་གཞུང་གིས་ལས་ཁུངས་དེ་ནུས་མཐོས་འཁོར་བསྐྱོད་བྱེད་པར་དགོས་ངེས་ཀྱི་ཆ་རྐྱེན་བསྐྲུན་རྒྱུ་ཡིན་ཟེར།
དབྱི་ལིང་གི་ཙུང་ཐུང་ཚབ་མ་མུའུ་ཧི་པེ་ཨར་གྱིས་གཏམ་བཤད་སྤེལ་སྐབས་བཤད་རྒྱུར། དབྱི་ལིང་གིས་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་ཡིག་ཆ་སྣ་ཚོགས་ལ་རྒྱབ་སྐྱོར་བྱེད་པ་དང་། ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དག་གིས་ཉོ་ཚོང་དང་ཐོན་སྐྱེད། ནུས་ཁུངས། འགྲིམ་འགྲུལ། ཞིང་ལས། གློག་འཕྲིན། དེ་མིན་མིས་བཟོས་རིག་ནུས་སོགས་ཁྱབ་ཁོངས་ཀྱི་འཕེལ་རྒྱས་ཧྲང་ཧེ་མཉམ་ལས་རྩ་འཛུགས་ས་ཁུལ་དང་འཛམ་གླིང་ཡོངས་ཀྱི་ཡུན་རིང་ཞི་བདེ་དང་བཟོད་སྒོམ་རང་བཞིན་གྱི་འཕེལ་རྒྱས་སྲ་བརྟན་དུ་གཏོང་བར་ཕན་ཐོགས་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།