ཟླ7ཚེས4ཉིན་སུའེ་ཙེར་གྱི་རི་ནེ་ཝ་རུ་ཚོགས་བཞིན་པའི་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱིས་ཀྲུང་གོ་རེས་སྐོར་བཞི་བའི་རྒྱལ་ཁབ་གཞན་པའི་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་གྲོས་ཞིབ་ལ་ཞུགས་པའི་སྙན་ཞུར་དཔྱད་ཞིབ་བྱས་ནས་འཐད་པ་བྱུང་། མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་ཀྲུང་གོའི་རི་ནེ་ཝའི་དོན་གཅོད་ཁང་དང་སུའེ་ཙེར་གྱི་རྒྱལ་སྤྱིའི་རྩ་འཛུགས་གཞན་པའི་འཐུས་མི། གཞུང་ཚབ་ཆེན་མོ་ཁྲིན་ཞུའུ་ཡིས་ཀྲུང་གོ་སྲིད་གཞུང་གི་འཐུས་མི་ཚོགས་པའི་སྣེ་ཁྲིད་དེ་ཚོགས་འདུར་ཞུགས་པ་རེད། ཕྱི་འབྲེལ་པུའུ་དང་ཆེས་མཐོའི་མི་དམངས་ཁྲིམས་ཁང་སོགས་འབྲེལ་ཡོད་ལས་ཁུངས་དང་། བོད་རང་སྐྱོང་ལྗོངས། ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས། ཞང་ཀང་། ཨའོ་མིན་དམིགས་བསལ་སྲིད་འཛིན་ཁུལ་བཅས་ཀྱི་འཐུས་མི་ཀྲུང་གོ་སྲིད་གཞུང་གི་འཐུས་མི་ཚོགས་པའི་ཁོངས་མི་བྱས་ནས་ཚོགས་འདུར་ཞུགས།
ཁྲིན་ཞུའུ་ཡིས་ཚོགས་འདུའི་ཐོག་ཀྲུང་གོ་སྲིད་གཞུང་གིས་རྒྱལ་ཁབ་སོ་སོས་རྒྱལ་ཁབ་གཞན་པའི་འགྲོ་བ་མིའི་ཐོབ་ཐང་ལ་གྲོས་ཞིབ་བྱེད་པའི་རིང་ཀྲུང་གོར་བཏོན་པའི་གྲོས་གཞིའི་ལངས་ཕྱོགས་དང་དེ་བཞིན་ཀྲུང་གོ་སྲིད་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ལ་འགན་སྲུང་བྱེད་པའི་བྱེད་ཐབས་གསར་པ་སུམ་ཅུ་ལག་བསྟར་དང་ཁས་ལེན་བྱས་པའི་དུས་རིམ་རང་བཞིན་གྱི་འཕེལ་རིམ་མཚམས་སྦྱོར་བྱས་པ་དང་། ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་འཕེལ་རྒྱས་ཀྱི་བགྲོད་ལམ་དང་། འདུ་ཤེས། གྲུབ་འབྲས་བཅས་སྔར་ལས་ལྷག་པའི་སྒོ་ནས་རྒྱས་བཤད་གནང་ལ། དེང་སྐབས་ཀྲུང་གོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་སྐུལ་འདེད་གཏོང་བཞིན་ཡོད་པ་ནན་གྱིས་བསྟན། ཀྲུང་གོས་མི་དམངས་ལྟེ་བར་ཡིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་དང་། ཐོན་སྐྱེད་ནུས་ཤུགས་གསར་མར་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། དེང་རབས་ཅན་འཛུགས་སྐྲུན་གྱི་གྲུབ་འབྲས་ཀྱིས་སྔར་ལས་མང་བ་དང་སྔར་ལས་འདྲ་མཉམ་གྱིས་མི་སྔར་ལས་མང་པོར་ཁེ་ཕན་ཐོབ་ཏུ་འཇུག་རྒྱུ་ཡིན་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཕེལ་རིམ་ཁྲོད་འགྲོ་བ་མིའི་ཐོབ་ཐང་གི་འགན་སྲུང་ཆུ་ཚད་བརྟན་པོའི་ངང་མཐོ་རུ་བཏང་སྟེ། འཛམ་གླིང་གི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་མུ་མཐུད་དུ་བྱས་རྗེས་གསར་བ་འཇོག་རྒྱུ་ཡིན་ཟེར།
ཨུ་རུ་སུ་དང་། ཝེ་ནེ་རོས་ལ། ཝུའུ་ཙི་པེ་ཁི་སི་ཐན། ཀམ་པི་ཡ། ཡུའེ་ནན་སོགས་རྒྱལ་ཁབ་མང་པོས་ཚོགས་འདུའི་ཐོག་ཀྲུང་གོས་འགྲོ་བ་མིའི་ཐོབ་ཐང་གི་བྱ་གཞག་འཕེལ་རྒྱས་ལ་འབད་བརྩོན་བྱས་པ་དང་གྲུབ་འབྲས་ཐོབ་པར་གདེང་འཇོག་གང་ལེགས་བྱས་པ་དང་། ཀྲུང་གོ་ཕྱོགས་ཀྱིས་སྒོ་འབྱེད་དང་ལྷག་བསམ་ཟོལ་མེད་ཀྱི་རྣམ་འགྱུར་ཐོག་ནས་རེས་སྐོར་བཞི་བའི་རྒྱལ་ཁབ་གཞན་པའི་འགྲོ་བ་མིའི་ཐོབ་ཐང་གི་གྲོས་ཞིབ་ལ་ཞུགས་པར་བསྔགས་བརྗོད་བྱས་ཤིང་། ཀྲུང་གོས་རྒྱལ་ཁབ་རང་ངོས་ཀྱི་གནས་ཚུལ་དང་མི་དམངས་ཀྱི་རེ་འདུན་གཞིར་བཟུང་ནས་གྲོས་གཞི་མང་ཆེ་བ་དང་ལེན་བྱས་ལ། ལས་འཛིན་ལྷན་ཚོགས་ཀྱིས་ཀྲུང་གོ་རྒྱལ་ཁབ་གཞན་པའི་འགྲོ་བ་མིའི་ཐོབ་ཐང་གི་གྲོས་ཞིབ་ལ་ཞུགས་པའི་སྙན་ཞུར་དཔྱད་ཞིབ་བྱས་ནས་འཐད་པ་བྱུང་བར་རྒྱབ་སྐྱོར་བྱས། འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱིས་ཀྲུང་གོའི་སྙན་ཞུར་འཐད་པ་བྱུང་རྗེས་ཚོགས་ར་ནས་སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་སྒྲ་གྲགས་པ་དང་རྒྱལ་ཁབ་མང་པོའི་འཐུས་མིས་ཀྲུང་གོའི་འཐུས་མི་ཚོགས་པར་དགའ་བསུ་ཞུས།
རྒྱལ་ཁབ་གཞན་པའི་འགྲོ་བ་མིའི་ཐོབ་ཐང་གྲོས་ཞིབ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲོམ་གཞིའི་ནང་རྒྱལ་ཁབ་སོ་སོས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐད་འདྲ་མཉམ་དང་ལྷག་བསམ་ཟོལ་མེད་ཀྱིས་བརྗེ་རེས་བྱེད་པ་ཞིག་ཡིན་པ་དང་། དགེ་མཚན་ལྡན་པའི་གླེང་མོལ་དང་མཉམ་ལས་ཀྱི་སྟེགས་བུ་གལ་ཆེན་ཞིག་ཡིན་ལ། ཀྲུང་གོ2009ལོ་དང་། 2013ལོ། 2018ལོར་རེས་སྐོར་གསུམ་གྱི་གྲོས་ཞིབ་ནང་ཞུགས་མྱོང་ཡོད། ད་ལོའི་ཟླ་དང་པོར་ཀྲུང་གོ་སྲིད་གཞུང་གི་འཐུས་མི་ཚོགས་པ་རེས་སྐོར་བཞི་བའི་རྒྱལ་ཁབ་སོ་སོའི་འགྲོ་བ་མིའི་ཐོབ་ཐང་གི་གྲོས་ཞིབ་ཚོགས་འདུར་ཞུགས་པ་དང་སྒོ་འབྱེད་དང་ལྷག་བསམ་ཟོལ་མེད་ཀྱི་རྣམ་འགྱུར་ཐོག་ནས་རྒྱལ་ཁབ་སོ་སོའི་འཐུས་མི་དང་དགེ་མཚན་ལྡན་པའི་གླེང་མོལ་བྱས་ཡོད། རྒྱལ་ཁབ120ལྷག་ཙམ་གྱིས་ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་གི་འཕེལ་རིམ་ལ་གདེང་འཇོག་བཟང་པོ་བྱས་པ་དང་འགྲོ་བ་མིའི་ཐོབ་ཐང་ལ་སྐུལ་འདེད་དང་སྲུང་སྐྱོབ་བྱེད་པའི་ཐད་ཀྲུང་གོས་འབད་བརྩོན་ལྷོད་མེད་བྱས་པར་ཁས་ལེན་གང་ལེགས་བྱས་ཡོད།
ཚེ་རིང་སྒྲོལ་མས་བསྒྱུར།