དབྱི་ལང་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གི་མགྲིན་ཚབ་པ་མུའུ་ཧི་ཞིན.དབྱི་སི་ལཱ་མུས་ཡིས་ཚེས6ཉིན་གྱི་ཞོགས་པར་ཁྱབ་བསྒྲགས་བྱས་པ་ལྟར་ན། དབྱི་ལང་གི་སྐབས་བཅུ་བཞི་པའི་ཙུང་ཐུང་འདེམ་བསྐོའི་སྐོར་ཐེངས་གཉིས་པའི་འདེམ་ཤོག་དེ་ཚེས5ཉིན་གྱི་ཞོགས་པར་མཇུག་སྒྲིལ་བ་དང་། འདེམས་ཤོག་རྩིས་པའི་བྱ་བ་མི་འགྱངས་བར་མགོ་བརྩམ་རྒྱུ་རེད་ཟེར།
དབྱི་ལིང་གི་ཙུང་ཐུང་འདེམ་བསྐོའི་སྐོར་ཐེངས་གཉིས་པའི་འདེམ་ཤོག་ས་དེ་གའི་དུས་ཚོད་ཚེས5ཉིན་གྱི་ཞོགས་པའི་དུས་ཚོད་བརྒྱད་པ་ནས་མགོ་བརྩམས་པ་དང་། སྐོར་ཐེངས་གཉིས་པའི་འདེམ་ཤོག་ཁྲོད་འདེམ་ཤོག་ཐོབ་ཚད་མདུན་གྲལ་དུ་ཡོད་པ་གཉིས་ནི་སྔོན་ཆད་ཀྱི་འཕྲོད་བསྟེན་པུའུ་ཀྲང་ཕེ་ཙི་ཧྲིན་ཅི་ཨན་དང་སྔོན་ཆད་ཀྱི་དབུ་བཞུགས་གྲོས་མོལ་གྱི་འཐུས་མི་ཅཱ་ལིས་ལིས་གཉིས་ཡིན་ལ། ཁོ་གཉིས་ཀྱིས་ཙུང་ཐུང་གི་གོ་གནས་བརྩོན་ལེན་བྱ་རྒྱུ་རེད། སྐོར་ཐེངས་གཉིས་པའི་འདེམ་ཤོག་དེ་སྔོན་ལ་ཉིན་དེའི་ཕྱི་དྲོའི་དུས་ཚོད་དྲུག་གི་སྟེང་མཇུག་བསྒྲིལ་རྒྱུ་གཏན་འཁེལ་བྱས་ཡོད། འདེམས་དམངས་སྔར་ལས་མང་པོས་འདེམ་ཤོག་འཕེན་རྒྱུར་སྟབས་བདེ་ཡོང་ཆེད། འདེམ་ཤོག་འཕེན་པའི་དུས་ཚོད་ཐེངས་གསུམ་ལ་ནར་འགྱངས་བྱས་མཐར་དགོང་མོའི་དུས་ཚོད24སྟེང་མཇུག་བསྒྲིལ། འདེམ་ཤོག་རྩིས་བརྒྱབ་པའི་མཇུག་འབྲས་ཚེས6ཉིན་ཁྱབ་བསྒྲག་བྱ་རྒྱུ་རེད།
དབྱི་ལང་གི་ཙུང་ཐུང་ལའེ་ཞི་ཟླ5ཚེས19ཉིན་ཐད་འཕུར་གནམ་གྲུའི་དོན་རྐྱེན་ཁྲོད་རྐྱེན་ལམ་དུ་ཤོར་བའི་དབང་གིས2025ལོར་འཚོག་རྩིས་ཡོད་པའི་དབྱི་ལང་གི་སྐབས་བཅུ་བཞི་པའི་ཙུང་ཐུང་འདེམ་བསྐོ་དེ་སྔོན་ལ་བསྣུར་ནས་ད་ལོའི་ཟླ6པར་སྤེལ། ཟླ6ཚེས28ཉིན། དབྱི་ལང་དུ་ཙུང་ཐུང་འདེམ་བསྐོའི་སྐོར་ཐེངས་ཐོག་མའི་འདེམ་ཤོག་འཕངས་པ་དང་། འདེམ་ཤོག་རྩིས་པའི་མཇུག་འབྲས་ལས་ཕེ་ཙི་ཧྲིན་ཅི་ཨན་དང་ཅཱ་ལིས་ལིས་ལ་སོ་སོར42%དང་38%་ཡི་འདེམ་ཤོག་ཐོབ་ཡོད་ཅིང་། ཁོ་གཉིས་ཀྱི་འདེམ་ཤོག་ཐོབ་ཚད་ཕྱེད་ཀ་ལས་བརྒལ་མེད་པའི་རྐྱེན་གྱིས་ཁོ་ཚོས་སྐོར་ཐེངས་གཉིས་པའི་འདེམ་ཤོག་འཕེན་པའི་ཁྲོད་འགྲན་སྡུར་བྱས་པ་རེད།
དབྱི་ལང་གི་ཙུང་ཐུང་འདེམ་བསྐོ་དེ་ལོ་བཞི་རེའི་ནང་ཐེངས་རེར་ཚོགས་བཞིན་ཡོད་པ་དང་། ཙུང་ཐུང་ནི་འདེམ་དམངས་ཀྱིས་ཐད་ཀར་འདེམ་ཤོག་འཕངས་ནས་འདེམ་པ་ཡིན་ལ། སྐབས་གཅིག་ལ་བསྟུད་འགན་འཁུར་ཆོག སྐོར་ཐེངས་གཉིས་པའི་འདེམ་བསྐོའི་འདེམ་ཤོག་འཕེན་པའི་ཁྲོད་འདེམ་ཤོག་མང་པོ་ཐོབ་པའི་འདེམ་མིར་རྒྱལ་ཁ་ཐོབ་པ་རེད། འདེམ་བསྐོའི་མཇུག་འབྲས་དེ་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་ཁྱབ་བསྒྲགས་བྱས་རྗེས་ངེས་པར་དུ་དབྱི་ལིང་གི་རྩ་ཁྲིམས་ལྟ་རྟོག་ཨུ་ཡོན་ལྷན་ཁང་གི་ཁས་ལེན་ཐོབ་དགོས།
ཚེ་རིང་སྒྲོལ་མས་བསྒྱུར།