དབྱིན་ཇིའི་དབུ་བཞུགས་བློན་ཆེན་གཞུང་སྒྲུབ་ཁང་གིས་ཚེས5ཉིན་གནས་ཚུལ་སྤེལ་བར་གཞིགས་ན། དབུ་བཞུགས་བློན་ཆེན་ཅི་ཨར·སི་ཐཱ་མའོ་ཡིས་ཉིན་དེར་སྐབས་གསར་བའི་ནེ་ཀི་རྩ་འཛུགས་བྱས་ཟེར།
སྐབས་གསར་བའི་ནེ་ཀའི་ཁོངས་མིའི་ཁྲོད། ཨན་ཅེ་ལ·ལེ་ནཱ་ཡིས་དབུ་བཞུགས་བློན་ཆེན་གཞོན་པ་དང་ས་གནས་ཀྱི་འཕེལ་རྒྱས་དང་སྡོད་ཁང་། སྡེ་ཁུལ་གྱི་བློན་ཆེན་གྱི་འགན་གཅིག་ལྕོགས་སུ་འཁུར་བ་དང་། ལེ་ཆེའར·ལི་ཧྥུ་སི་ཡིས་ནོར་སྲིད་བློན་ཆེན་གྱི་འགན་འཁུར་ལ། ཁོ་མོ་ནི་དབྱིན་ཇིའི་ལོ་རྒྱུས་ཐོག་གི་བུད་མེད་ཀྱི་ནོར་སྲིད་བློན་ཆེན་ཐོག་མ་རེད། དེ་ལས་གཞན། ཏའེ་ཝེ·ལཱ་མུས་ཕྱི་འབྲེལ་བློན་ཆེན་ལ་བསྐོས། དབྱི་ཝེ་ཐེ·ཁུའུ་ཕོ་ནང་སྲིད་བློན་ཆེན་ལ་བསྐོས་པ་དང་། ཡུའེ་ཧན.ཞི་ལིས་རྒྱལ་སྲུང་བློན་ཆེན་ལ་བསྐོས། ཝེ་སི·སི་ཐི་ལིས་ཐིང་འཕྲོད་བསྟེན་བློན་ཆེན་ལ་བསྐོས།
སི་ཐཱ་མའོ་ཡིས་ཉིན་དེར་ལུན་ཏུན་ཐང་ཉིང་སྲང་ལམ་གྱི་ཨང་རྟགས10པའི་དབུ་བཞུགས་བློན་ཆེན་བཞུགས་ཤག་གི་སྒོ་མདུན་ནས་གཏམ་བཤད་སྤེལ་ནས་བཤད་རྒྱུར། ཁོས་དབྱིན་ཇིའི་སྣེ་ཁྲིད་དེ“ཆབ་སྲིད་ཀྱིས་སྤྱི་ལ་ཞབས་ཞུ་སྒྲུབ་པ”མངོན་འགྱུར་ཡོང་བར་བྱེད་པ་དང་། དབྱིན་ཇིའི་རྒྱལ་དམངས་བདེ་སྲུང་ལམ་ལུགས་སྔར་ལས་ལེགས་པའི་སྒོ་ནས“མ་འོངས་པར་ཁ་ཕྱོགས་པ”དང་། རྨང་གཞིའི་སྒྲིག་ཆས་བསྐྱར་སྐྲུན་དང་རྒྱལ་ཁབ་ཀྱི་མཐའ་མཚམས་བདེ་འཇགས་འགན་སྲུང་བྱེད་པ་་སོགས་ཀྱི་དམིགས་འབེན་མངོན་འགྱུར་ཡོང་བ་བྱས་ཏེ། རྒྱལ་ཁབ་བསྐྱར་དར་གྱི་ལས་འགན་ཡོངས་འགྲུབ་བྱ་རྒྱུ་ཡིན་ཟེར།
ཚེས4ཉིན་དབྱིན་ཇིའི་གྲོས་ཁང་ཞོལ་མས་འདེམ་བསྐོ་བྱས་པ་དང་། འདེམ་བསྐོའི་མཇུག་འབྲས་ཚེས5ཉིན་ཕྱིར་ཐོན། སི་ཐཱ་མའོ་ཡིས་འགོ་ཁྲིད་པའི་བཟོ་པའི་ཏང་དེ་གྲོས་ཁང་ཞོལ་མ་ལས་གོ་གནས་ཕྱེད་ཀ་ཡན་ཟིན་ནས་སྲིད་དབང་འཛིན་མཁན་ཏང་དུ་གྱུར། ཉིན་དེར་པད་ཅིན་ཧན་ཕོ་བྲང་དུ་སི་ཐཱ་མུའུ་ལ་རྒྱལ་པོ་ཁྲ་ཨར་སི་སྐུ་ཕྲེང་གསུམ་པས་ནེ་ཀི་གསར་པ་རྩ་འཛུགས་བྱེད་པའི་དབང་ཆ་གནང་ནས་དབུ་བཞུགས་བློན་ཆེན་གྱི་འགན་དངོས་སུ་བཞེས་པ་རེད།
ཚེ་རིང་སྒྲོལ་མས་བསྒྱུར།