ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་ལྔ་ཉིན་འཚམས་འདྲིར་ཡོང་བའི་ཧང་ག་རིའི་ཙུང་ལི་ཨིག་ཨར་པན་དང་གྲོས་མོལ་བྱས་ཏེ། ཕྱོགས་གཉིས་ཀྱི་མཉམ་ལས་ཀྱི་གནད་དོན་གཙོ་བོ་དང་ཝུའུ་ཁི་ལན་གྱི་གནས་བབ་སོགས་ཀྱི་ཐད་ནས་བསམ་འཆར་བརྗེ་རེས་བྱས།
ཕུའུ་ཅིན་གྱིས་གྲོས་མོལ་བྱས་རྗེས་ཀྱི་མཉམ་འབྲེལ་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བསྟན་དོན། ཁོ་དང་ཨིག་ཨར་པན་གྱི་གྲོས་མོལ་དེ་ལྷག་བསམ་རྣམ་དག་ཡིན་པར་མ་ཟད་ནང་དོན་ཕུན་སུམ་ཚོགས། ཨུ་རུ་སི་དང་ཧང་ག་རི་ཡིས་ནུས་ཁུངས་དང་སྨན་བཅོས་སོགས་ཁྱབ་ཁོངས་ནས་མུ་མཐུད་དུ་དངོས་གཉེར་དང་གཉིས་ཕན་མཉམ་ལས་སྤེལ་རྒྱུ་ཡིན་ཟེར།
ཕུའུ་ཅིན་གྱིས་ཝུའུ་ཁི་ལན་གྱི་གནས་བབ་གླེང་སྐབས་བསྟན་དོན། ཨུ་རུ་སི་ཡིས་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་དང་ཕྱི་འབྲེལ་གྱི་ཐབས་ལ་བརྟེན་ནས་ཉམས་ཉེན་ཐག་གཅོད་བྱེད་པར་སྒོ་འབྱེད་ཀྱི་རྣམ་པ་བཟུང་ཡོད་ཀྱང་། ཕ་རོལ་བས་དེ་ལྟར་བྱེད་འདོད་མེད། ཞི་བདེ་གྲོས་འདོན་དེ་ནི་འཁྲུག་རྩོད་མཚམས་འཇོག་པ་དང་གནས་སྐབས་སུ་འཁྲུག་རྩོད་མཚམས་འཇོག་པ་ཙམ་མ་ཡིན་ལ། ཝུའུ་ཁི་ལན་གྱི་དབང་འཛིན་ལས་ཁུངས་ཀྱིས་གྱོང་གུད་ཁ་གསབ་དང་ཡང་བསྐྱར་སྟོབས་ཤུགས་གཅིག་བསྡུ་བྱེད་པའི་གནས་སྐབས་རང་བཞིན་གྱི་བྱེད་ཐབས་ཤིག་ཡིན་མི་རུང་ཟེར།
ཕུའུ་ཅིན་གྱིས་བཤད་རྒྱུར། ཧང་ག་རི་ཡིས་ཟླ་འདིའི་ཚེས་གཅིག་ཉིན་ནས་བཟུང་ཡོ་རོབ་གླིང་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་འགན་ཁུར་བར་དམིགས་ནས། ཁོ་དང་ཨིག་ཨར་པན་གཉིས་ཀྱིས་ཨུ་རུ་སི་དང་ཡོ་རོབ་གླིང་གི་འབྲེལ་བའི་ད་ལྟའི་གནས་ཚུལ་ཐད་ནས་བསམ་འཆར་བརྗེ་རེས་བྱས་པར་མ་ཟད། མ་འོངས་པའི་ཡོ་རོབ་གླིང་གི་བདེ་འཇགས་སྒྲོམ་གཞིའི་རྩ་དོན་སོགས་གླེང་ཡོད། ཨིག་ཨར་པན་གྱི་ཐེངས་འདིའི་འཚམས་འདྲི་ནི་ཨུ་རུ་སི་དང་ཡོ་རོབ་གླིང་གི་གྲོས་མོལ་སླར་གསོ་བྱེད་པ་དང་། ཨུ་རུ་སི་དང་ཡོ་རོབ་གླིང་གི་འབྲེལ་བར་སྒུལ་ཤུགས་གསར་བ་ཁ་སྣོན་བྱེད་པའི་ཚོད་ལྟ་ཐེངས་ཤིག་ཡིན་ཟེར།
ཨིག་ཨར་པན་གྱིས་བཤད་རྒྱུར། ཁོ་དང་ཕུའུ་ཅིན་གྱིས་ཞི་བདེ་མངོན་འགྱུར་བྱེད་པའི་ཐབས་ལམ་ལ་གྲོས་བསྡུར་བྱས་ཏེ། ཕུའུ་ཅིན་གྱི་མིག་སྔའི་ཞི་བདེའི་གྲོས་འདོན་གྱི་ལྟ་ཚུལ་སོགས་ཀྱི་ཐད་ནས་ལྷག་བསམ་རྣམ་དག་གིས་བརྗེ་རེས་བྱས་ཟེར། ཁོས་བསྟན་དོན། ཞི་བདེ་བརྩོན་ལེན་བྱེད་པ་ནི་ཧང་ག་རི་ཡིས་ཡོ་རོབ་གླིང་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་ཁུར་བའི་སྐབས་ཀྱི་ལས་འགན་གཙོ་བོ་ཡིན་པ་དང་། ཕྱི་འབྲེལ་དང་འབྲེལ་འདྲིས་ཀྱི་ཐབས་ལམ་མེད་པས་ཞི་བདེ་མངོན་འགྱུར་བྱེད་ཐབས་མེད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།