སྤྱི་ཁྱབ་པུའུ་ཧྥ་རན་སིའི་ཕཱ་རེ་སི་རུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་ཚེས5ཉིན་གསར་འགྱུར་སྤྱི་སྒྲོག་སྤེལ་ཏེ། མིག་སྔར་མའོ་ལོ་ཀིའི་ཅཱ་ཏིས་ཨར་ནས་སྤེལ་བའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་མི་དང་སྐྱེ་ཁམས་ར་བའི་འཆར་གཞིའི་རྒྱལ་སྤྱིའི་མཐུན་སྦྱོར་ལས་འཛིན་ཚོགས་པའི་སྐབས་སོ་དྲུག་པའི་གྲོས་ཚོགས་ནས་ཆོད་དོན་སྤེལ་ཏེ། སྐྱེ་དངོས་ར་བའི་སྲུང་སྐྱོབ་ས་ཁུལ་བཅུ་གཅིག་ངོས་འཛིན་བྱེད་པར་ཆོག་མཆན་བཀོད་པ་དང་། གསར་དུ་གཏན་འཁེལ་བྱས་པའི་སྐྱེ་དངོས་ར་བའི་སྲུང་སྐྱོབ་ས་ཁུལ་དེ་དག་རྒྱལ་ཁབ་བཅུ་གཅིག་ལ་ཁྱབ་ཡོད། དེའི་ནང་པུ་ལི་ཧྲི་དང་ཀང་པུས་ཡཱ་ཐོག་དང་པོར་བདམས་པ་རེད། སྲུང་སྐྱོབ་ས་ཁུལ་གཉིས་ནི་རྒྱལ་ཁོངས་བརྒལ་བའི་སྐྱེ་དངོས་ར་བའི་སྲུང་སྐྱོབ་ས་ཁུལ་རེད།
སྤྱི་སྒྲོག་ལས་བཤད་རྒྱུར། གསར་དུ་གཏན་འཁེལ་བྱས་པའི་སྐྱེ་དངོས་ར་བའི་སྲུང་སྐྱོབ་ས་ཁུལ་ལ་པུ་ལི་ཧྲི་དང་ཧི་ལན་གྱི་ཁུན་ཕིན་དང་པུའུ་ལུའུ་ཁི་རྒྱལ་ཁོངས་བརྒལ་བའི་སྐྱེ་དངོས་ར་བའི་སྲུང་སྐྱོབ་ས་ཁུལ་དང་། སི་ཕན་གྱི་ཨ་ལན་ཀུའུ་སྐྱེ་དངོས་ར་བའི་སྲུང་སྐྱོབ་ས་ཁུལ། དབྱི་ཐཱ་ལེ་དང་སི་ལོ་ཝུན་ནེ་ཡཱའི་ཀྲུའུ་ལེ་ཨན་ཨ་ཨར་པུས་སི་རི་བརྒྱུད་ཀྱི་རྒྱལ་ཁོངས་བརྒལ་བའི་སྐྱེ་དངོས་ར་བའི་སྲུང་སྐྱོབ་ས་ཁུལ། ཀང་པུས་ཡཱའི་ཉིག་མུས་སྐྱེ་དངོས་ར་བའི་སྲུང་སྐྱོབ་ས་ཁུལ་སོགས་འདུས།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཨ་ཙུའུ་ལའེ་ཡིས་བསྟན་དོན། སྲུང་སྐྱོབ་ས་ཁུལ་གསར་བ་གཏན་འཁེལ་བྱས་པ་དེ་མིའི་རིགས་ཀྱིས་ནམ་ཟླའི་འགྱུར་ལྡོག་ལས་བྱུང་བའི་འཛམ་གླིང་ཡོངས་ཀྱི་སྐྱེ་དངོས་སྣ་མང་ཅན་གྱི་ཉམས་ཉེན་ཐག་གཅོད་བྱེད་པར་བརྩོན་པའི་གནད་འགག་གི་དུས་སྐབས་སུ་འཁེལ་ཡོད། མི་རྣམས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སྲུང་སྐྱོབ་ས་ཁུལ་གྱི་ཁ་གྲངས་ཇེ་མང་དུ་གཏོང་བི་དུས་སུ། སྐྱེ་དངོས་ར་བའི་སྲུང་སྐྱོབ་ས་ཁུལ་གསར་བས་རྒྱུན་མཐུད་ངང་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོབ་བྱེད་པ་དང་། ས་དེའི་སྡོད་དམངས་དང་གཞིས་སྡོད་མི་དམངས་ཀྱི་འཚོ་བའི་ཆ་རྐྱེན་ལེགས་བཅོས་བྱེད་པ། ཚན་རིག་ཞིབ་འཇུག་ལ་སྐུལ་འདེད་གཏོང་བའི་ཐད་ནུས་པ་གལ་ཆེན་འདོན་སྤེལ་བྱེད་དགོས་པའི་འབོད་སྐུལ་བཏང་།
སྤྱི་སྒྲོག་ལས་ནན་གྱིས་བསྟན་དོན། སྐྱེ་དངོས་ར་བའི་སྲུང་སྐྱོབ་ས་ཁུལ་གཏན་འཁེལ་བྱས་པ་དེ་རྒྱལ་ཁབ་སོ་སོས2022ལོའི་ཟླ12པར་ཁུང་མེན་དང་མིན་ཐི་ལེ་ཨར་འཛམ་གླིང་ཡོངས་ཀྱི་སྐྱེ་དངོས་སྣ་མང་ཅན་གྱི་སྒྲོམ་གཞིའི་ནང་གི་དམིགས་འབེན་མངོན་འགྱུར་བྱེད་པར་ཕན་ཐོགས་ཡོད་པ་དང་། 2030ལོའི་བར་དུ་ཉུང་མཐར་ཡང་བརྒྱ་ཆའི་སུམ་ཅུའི་འཛམ་གླིང་ཡོངས་ཀྱི་སྐམ་ས་དང་རྒྱ་མཚོར་སྲུང་སྐྱོབ་བྱེད་རྒྱུ་མ་ཟད། སའི་གོ་ལའི་སྟེང་གི་བརྒྱ་ཆའི་སུམ་ཅུའི་ཞན་འགྱུར་གྱི་སྐྱེ་ཁམས་མ་ལག་སླར་གསོ་བྱེད་པ་སོགས་འདུས་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།