ནེ་པཱ་ལཱ་རུ་བསྟུད་མར་ཆར་བ་བབས་པ་ལས་བྱུང་བའི་གནོད་འཚེ་ལས་མི15རྐྱེན་ལམ་དུ་ཤོར།
2024.07.08 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 14

ནེ་པཱ་ལཱའི་ཉེན་རྟོག་ཕྱོགས་ཀྱིས་ཚེས7ཉིན་བཤད་རྒྱུར། ཉེ་བའི་ཉིན་གཉིས་ཀྱི་ནང་ནེ་པཱ་ལཱ་རྒྱལ་ཡོངས་སུ་བསྟུད་མར་ཆར་བབས་པ་ལས་བྱུང་བའི་རི་ཉིལ་བ་དང་ཆུ་ལོག་སོགས་ཀྱི་གནོད་འཚེ་ལས། མི15རྐྱེན་ལམ་དུ་ཤོར་བ་དང་། མི2གར་སོང་རྙེད་མེད་ཟེར། ཐེངས་འདིའི་ཆར་བ་དེ་ནི་ཚེས5ཉིན་གྱི་ནམ་གུང་ནས་འབབ་མགོ་བརྩམས་པ་དང་། ཚེས7ཉིན་ད་རུང་འབབ་མཚམས་བཞག་མེད། ནེ་པཱ་ལཱའི་ཉེན་རྟོག་ཕྱོགས་ཀྱི་མགྲིན་ཚབ་པ་ཁཱ་ཨར་ཅི་ཡིས་གསར་འགོད་པར་བཤད་རྒྱུར། ཆར་བ་བབས་པ་ལས་བྱུང་བའི་གནོད་འཚེ་ལས་ད་རུང་མི17ལ་རྨས་ཕོག་པ་དང་། ཉུང་མཐར་ཡང་ཁྱིམ་ཚང125ཡུལ་འཁྱམས་བྱེད་དགོས་བྱུང་ཡོད་ལ། གཞུང་ལམ་སྐོར་ཞིག་ཆད་ཡོད། ཆར་བ་མུ་མཐུད་དུ་འབབ་བཞིན་ཡོད་པས་མི་སྣར་ཤི་རྨས་ཐེབས་ཚད་དང་རྒྱུ་ནོར་གྱོང་གུད་བྱུང་ཚད་སྔར་ལས་ཇེ་མཐོར་འགྲོ་སྲིད་ཟེར།

གསར་འགོད་པས་རྒྱལ་ས་ཀཱ་ཏི་མན་ཏུའུ་ནས་མཐོང་བ་ལྟར་ན། སྡེ་ཁུལ་དང་གཞུང་ལམ་རེ་འགའ་ཆུས་བསྣུབས་ཡོད་པ་དང་། མི་རྣམས་ཆུར་བརྒལ་ནས་འགྲོ་བཞིན་ཡོད་པ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།