དབྱི་སི་རལ་གྱི་རྒྱལ་སྲུང་པུའུ་ཀྲང་ཅཱ་ལན་ཐི་ཡིས་ཚེས་བདུན་ཉིན་བསྟན་དོན། དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་ནས་ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སིའི་བར་གྱི་འཁྲུག་རྩོད་མཚམས་བཞག་ཀྱང་། དབྱི་སི་རལ་གྱི་དམག་དཔུང་གིས་ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་བར་མུ་མཐུད་དུ་འཐབ་འཁྲུག་བྱེད་ངེས་ཡིན་ཟེར།
དབྱི་སི་རལ་གྱི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། ཅཱ་ལན་ཐི་ཡིས་ཉིན་དེར་དབྱི་སི་རལ་གྱིས་ཚོད་འཛིན་བྱེད་པའི་ཀི་ལན་མཐོ་ས་ནས་དབྱི་སི་རལ་གྱི་དམག་དཔུང་ལ་ལྟ་སྐོར་བྱེད་སྐབས་བཤད་རྒྱུར། ཁོས་དབྱི་སི་རལ་ལྷོ་བྱང་ས་ཁུལ་གཉིས་ཀྱི་དབྱི་སི་རལ་གྱི་དམག་དཔུང་གི་བཀའ་རྒྱ་གསལ་བོ་བསྒྲགས་ཡོད་དེ། དབྱི་སི་རལ་གྱི་དམག་དཔུང་གིས་ལྷོ་ཕྱོགས་ནས་ཧཱ་མཱ་སིའི་ར་འཁྲུག་རྩོད་མཚམས་འཇོག་པ་དང་། བཀག་འཇུག་ཐེབས་མི་སྣ་ཕྱིར་གཏོང་བའི་གྲོས་མཐུན་བཀོད་ཀྱང་། ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་གིས་དབྱི་སི་རལ་བར་འབྲེལ་ཡོད་ཀྱི་གྲོས་མཐུན་མ་བཀོད་ན། དབྱི་སི་རལ་གྱི་དམག་དཔུང་གིས་བྱང་ཕྱོགས་ས་ཁུལ་གྱི་དམག་དོན་འགུལ་སྐྱོད་མཚམས་འཇོག་མི་སྲིད་ཟེར།
ཅཱ་ལན་ཐི་ཡིས་བཤད་རྒྱུར། ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་སོགས་ལེ་པཱ་ནུན་གྱི་དྲག་ཆས་རྩ་འཛུས་ཀྱིས་དབྱི་སི་རལ་གྱི་དམག་དཔུང་ལ་བར་སྣང་འཇབ་རྒོལ་བྱས་ཏེ་མི450རྐྱེན་ལམ་དུ་ཤོར་ཡོད་པ་དང་། དེའི་ནང་སྟོང་ཤོག་རིམ་པའི་བཀོད་འདོམ་དཔོན་པོ15དང་ཁྲི་ཤོག་རིམ་པའི་བཀོད་འདོམ་དཔོན་པོ3འདུས་ཟེར། ཁོས་བསྟན་དོན། ད་ལྟ་ནི་གནད་འགག་གི་དུས་སྐབས་ཡིན་པས། ང་ཚོས་ཡོད་ཚད་ལ་གདོང་གཏོང་་པའི་གྲ་སྒྲིག་གང་ལེགས་བྱས་ཡོད་ཟེར།
དབྱི་སི་རལ་གྱི་དམག་དཔུང་གིས་ཚེས་བདུན་ཉིན་སྤེལ་བའི་གསལ་སྒྲོག་ལྟར་ན། ཉིན་དེར་མེ་ཤུགས་འཕུར་མདའ་བཅུ་ཕྲག་འགའ་དང་ཐན་ཁི་འཁོར་ལོར་རྒོལ་བའི་འཕུར་མདའ་འགའ་ལེ་པཱ་ནུན་ལྷོ་ཕྱོགས་ས་ཁུལ་ནས་དབྱི་སི་རལ་གྱི་བྱང་ཕྱོགས་ས་ཁུལ་དུ་གཏོང་འཕེན་བྱས་ཏེ་མེ་སྐྱོན་བཟོས་ཡོད་ལ། དབྱི་སི་རལ་གྱི་དམག་དཔུང་གིས་ལེ་པཱ་ནུན་གྱི་ལྷོ་ཕྱོགས་ས་ཁུལ་དུ་བར་སྣང་འཇབ་རྒོལ་བྱས་ནས་རྒོལ་ལན་སྤྲད་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།