སུའུ་ཏན་བདག་དབང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའམ་དྲག་ཆས་དམག་དཔུང་གི་སྤྱི་ཁྱབ་དམག་སྤྱི་པུའུ་ཨར་ཧན་གྱིས་ཚེས9ཉིན་སུའུ་ཏན་ཤར་ཕྱོགས་ཀྱི་སུའུ་ཏན་གྲུ་ཁའི་གྲོང་ཁྱེར་ནས་འཚམས་འདྲིར་ཡོང་བའི་ཨེ་ཙེ་ཨོ་ཕི་ཡཱའི་ཙུང་ལི་ཨ་པུས་དང་གྲོས་མོལ་བྱས་ཏེ། ཕྱོགས་གཉིས་ཀྱིས་ཧུར་ཐག་སྒོས་ཕྱོགས་གཉིས་ཀྱི་འབྲེལ་བར་ཤུགས་སྣོན་བྱེད་པ་ནན་བཤད་བྱས།
ཨ་པུས་ཚེས9ཉིན་གྱི་སྔ་དྲོར་སུའུ་ཏན་གྲུ་ཁར་འབྱོར་ནས། སུའུ་ཏན་ལ་དུས་ཡུན་ཉིན་གཅིག་གི་དངོས་གཞིའི་འཚམས་འདྲི་བྱེད་མགོ་བརྩམས། སུའུ་ཏན་བདག་དབང་ཨུ་ཡོན་ལྷན་ཁང་གིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། པུའུ་ཨར་ཧན་གྱིས་གྲོས་མོལ་བྱེད་སྐབས་ཨ་པུས་ལ་སུའུ་ཏན་གནས་བབ་སྐོར་གྱི་གནས་ཚུལ་གསར་བ་མཚམས་སྦྱོར་བྱས་པར་མ་ཟད། སུའུ་ཏན་གྱིས་ཨེ་ཙེ་ཨོ་ཕི་ཡཱ་ཕྱོགས་དང་མཉམ་དུ་འཕེལ་རྒྱས་མཉམ་ལས་ཁྱབ་ཁོངས་སྲ་བརྟན་དུ་བཏང་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་པར་མཐོང་ཆེན་བྱེད་བཞིན་ཡོད་ཟེར།
ཨ་པུས་ཀྱིས་བསྟན་དོན། སུའུ་ཏན་གྱི་འཁྲུག་རྩོད་མཇུག་སྒྲིལ་སྲིད་པ་དང་། ཨེ་ཙེ་ཨོ་ཕི་ཡཱ་དང་སུའུ་ཏན་གྱི་འབྲེལ་བ་སྔར་བཞིན་དུ་སྲ་བརྟན་དང་སྟོབས་ཀྱིས་ཕྱུག་ངེས་རེད་ཟེར། ཁོས་ནན་གྱིས་བསྟན་དོན། ཞི་བདེ་ནི་འཕེལ་རྒྱས་ཀྱི་རྨང་གཞི་ཡིན་ཞིང་། རྒྱལ་ཁབ་སོ་སོའི་གནད་དོན་དེ་ངེས་པར་དུ་ཕྱི་ཕྱོགས་ཀྱི་ཐེ་གཏོགས་མེད་པའི་གནས་ཚུལ་འོག་རྒྱལ་ཁབ་སོ་སོ་རང་ཉིད་ཀྱིས་ཐག་གཅོད་བྱེད་དགོས་ཟེར།
སུའུ་ཏན་ས་གནས་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱི་སུའུ་ཏན་གནད་དོན་གྱི་མཐོ་རིམ་ཚན་ཆུང་གིས་ཚེས10ཉིན་ནས་ཚེས15ཉིན་བར་ཨེ་ཙེ་ཨོ་ཕི་ཡཱའི་རྒྱལ་ས་ཡཱ་ཏི་སི་ཡཱ་པེད་པཱ་ནས་ཆབ་སྲིད་འཕེལ་རིམ་གྱི་གྲ་སྒྲིག་གྲོས་ཚོགས་བསྡུ་རྒྱུའི་འཆར་གཞི་ཡོད་པ་དང་། དེའི་སྐབས་སུ་ཨེ་ཙེ་ཨོ་ཕི་ཡཱའི་སྲིད་གཞུང་གིས་སུའུ་ཏན་ཕྱོགས་སོ་སོའི་གྲོས་མོལ་ཐེངས་ཤིག་རྩ་འཛུགས་བྱེད་རྒྱུ་ཡིན་ལ། ཨ་པུས་ཀྱིས་སུའུ་ཏན་དུ་འཚམས་འདྲི་བྱས་པ་ནི་གནས་བབ་དེ་འདྲར་དམིགས་ནས་སྤེལ་བ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།