ཅཱ་ཧྲའི་ལྷོ་ཕྱོགས་ས་ཁུལ་གྱི་སློབ་གྲྭ་ཞིག་ལ་དབྱི་སི་རལ་གྱི་དམག་དཔུང་གི་འགས་གཏོར་ཐེབས་ནས་ཉུང་མཐར་ཡང་མི25རྐྱེན་ལམ་དུ་ཤོར།
2024.07.10 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 13

ཕཱ་ལེ་སི་ཐན་ཅཱ་ཧྲ་ས་ཁུལ་གྱི་འབྲེལ་ཡོད་མི་སྣས་ཚེས9ཉིན་གསར་འགོད་པར་བཤད་རྒྱུར། ཅཱ་ཧྲའི་ལྷོ་ཕྱོགས་ཀྱི་ཧན་ཡུག་ནེ་སི་ཡི་སློབ་གྲྭ་ཞིག་ལ་ཉིན་དེར་དབྱི་སི་རལ་གྱི་དམག་དཔུང་གི་འགས་གཏོར་ཐེབས་ཏེ། ཉུང་མཐར་ཡང་མི25རྐྱེན་ལམ་དུ་ཤོར། འདས་པའི་ཁྲོད་དུ་བུད་མེད་དང་བྱིས་པ་འདུས་ཡོད་ལ། གཞན་ཡང་མི་མང་བོར་རྨས་ཕོག་ཡོད་ཟེར།

གནས་ཚུལ་ཤེས་མཁན་གྱིས་བཤད་རྒྱུར། སློབ་གྲྭ་དེས་ཡུལ་འཁྱམས་བྱེད་པའི་མང་ཚོགས་མང་བོ་བསྡུ་ལེན་བྱས་པ་དང་། འཇབ་རྒོལ་ཐེབས་སའི་གནས་དེ་མང་ཚོགས་འདུས་སྡོད་བྱེད་ས་ཡིན་པས་ཤི་རྨས་ཐེབས་པའི་མི་གྲངས་སྔར་ལས་ཇེ་མང་དུ་འགྲོ་སྲིད་ཟེར།

ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སིའི་སྨྱན་བྱད་གཞུང་སྒྲུབ་ཁང་གིས་ཚེས9ཉིན་གསལ་སྒྲོག་སྤེལ་ཏེ་འཇབ་རྒོལ་དོན་རྐྱེན་དེར་རྒོལ་གཏམ་ཏང་བ་དང་། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེའི་ཞོགས་པར་ཅཱ་ཧྲའི་དབུས་ཕྱོགས་སུ་འཇབ་རྒོལ་ཐེངས་མང་བྱས་ནས་མི་མང་བོར་ཤི་རྨས་ཐེབས་ཡོད་ཟེར། གསལ་སྒྲོག་ལས་བཤད་རྒྱུར། ཅཱ་ཧྲ་ས་ཁུལ་གྱི་སྨན་བཅོས་མ་ལག་ལ་གནོན་ཤུགས་ཆེན་པོ་ཐེབས་ཡོད་ཅིང་། སྨན་བཅོས་དངོས་རྫས་དཀོན་པར་མ་ཟད་ནད་པ་ལྗིད་མོ་དག་ཅཱ་ཧྲ་ས་ཁུལ་དང་བྲལ་ནས་སྨན་བཅོས་བྱེད་ཐབས་མེད་ཟེར།

དབྱི་སི་རལ་ཕྱོགས་ཀྱིས་དོན་དེའི་ཐད་ནས་གསལ་སྒྲོག་སྤེལ་མེད། དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་ཚེས9ཉིན་གྱི་སྔ་དྲོར་གསལ་སྒྲོག་ཅིག་གི་ནང་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་གིས་མུ་མཐུད་དུ་ཅཱ་ཧྲའི་ས་ཁུལ་མང་བོར་འཇིགས་སྐུལ་ངོ་རྒོལ་གྱི་དམག་དོན་འགུལ་སྐྱོད་སྤེལ་བ་དང་། དེའི་ནང་བྱང་ཕྱོགས་ཀྱི་ཅཱ་ཧྲ་མཁར་དང་ལྷོ་ཕྱོགས་ཀྱི་ལཱ་ཧྥ་གྲོང་ཁྱེར་སོགས་འདུས་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།