ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས9ཉིན་ཁི་ལི་མུའུ་ལིན་ཕོ་བྲང་ནས་འཚམས་འདྲིར་ཡོང་བའི་རྒྱ་གར་གྱི་ཙུང་ལི་མའོ་ཏིས་དང་གྲོས་མོལ་བྱས། ཕྱོགས་གཉིས་ཀྱི་ཕན་ཚུན་བར་གྱི་འབྲེལ་བ་དང་། ཝུའུ་ཁི་ལན་གྱི་ཉམས་ཉེན་སོགས་གནད་དོན་ལ་གྲོས་བསྡུར་བྱས།
ཁི་ལི་མུའུ་ལིན་ཕོ་བྲང་གིས་བསྒྲགས་པ་ལྟར་ན། ཕུའུ་ཅིན་གྱིས་གྲོས་མོལ་བྱེད་སྐབས་བཤད་རྒྱུར། ཨུ་རུ་སི་དང་རྒྱ་གར་གྱི་དཔལ་འབྱོར་ཉོ་ཚོང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་གཏན་འཇགས་ངང་སྐུལ་འདེད་བཏང་ཡོད་པ་དང་། རྒྱལ་ཁབ་གཉིས་ཀྱིས་ད་རུང་མཉམ་འབྲེལ་རྒྱལ་ཚོགས་དང་གསེར་གྱོམ་རྒྱལ་ཁབ་མཉམ་ལས་རྐྱེན་སྲོལ། ཧྲང་ཧེ་མཉམ་ལས་རྩ་འཛུགས་སོགས་ཀྱི་སྒྲོམ་གཞིའི་ནང་རྒྱལ་སྤྱིའི་མཉམ་ལས་བྱས་ཡོད་ཟེར།
ཝུའུ་ཁི་ལན་གྱི་ཉམས་ཉེན་ཐད་ནས་མའོ་ཏིས་ཀྱིས་བསྟན་དོན། རྒྱ་གར་གྱིས་ཞི་བའི་སྒོ་ནས་ཝུའུ་ཁི་ལན་གྱི་ཉམས་ཉེན་ཐག་གཅོད་བྱེད་པར་འཐད་པ་ཡིན་ལ། གནད་དོན་དེའི་ཐད་ལ་རོགས་རམ་བྱེད་འདོད་ཡོད་ཟེར།
མའོ་ཏིས་ཀྱིས་ཚེས8ཉིན་ནས་ཚེས9ཉིན་བར་ཨུ་རུ་སིར་དངོས་གཞིའི་འཚམས་འདྲི་བྱས་པ་རེད། རྒྱུས་ལོན་བྱུང་བ་ལྟར་ན། དེ་ནི་ཁོས་ཉེ་བའི་ལོ་ལྔའི་རིང་ཐོག་དང་པོར་ཨུ་རུ་སིར་འཚམས་འདྲི་བྱས་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།