མོང་གོལ་རྒྱལ་ཁབ་ཀྱིས་རྒྱལ་དར་ཉིན་མོའི་དམག་གཟིགས་མཛད་སྒོ་སྤེལ།
2024.07.11 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 19

མོང་གོལ་རྒྱལ་ཁབ་ཀྱིས་ཚེས10ཉིན་རྒྱལ་ས་ཝུའུ་ལན་པཱ་ཐའོ་གྲོང་ཁྱེར་གྱི་སུའུ་ཧི་པཱ་ཐའོ་ཨར་ཐང་ཆེན་ནས་ལོ་རེར་ཐེངས་རེ་སྤེལ་བའི་རྒྱལ་དར་ཉིན་མོའི་དམག་གཟིགས་མཛད་སྒོ་སྤེལ།

མོང་གོལ་གྱི་ཙུང་ཐུང་ངམ་དྲག་ཆས་དམག་དཔུང་གི་སྤྱི་ཁྱབ་དམག་སྤྱི་ཧུའུ་རི་ལེ་སུའུ་ཧི་དང་། གྲོས་ཁང་གི་ཀྲུའུ་ཞི་ཨ་མ་ཨར་པཱ་དབྱེ་སི་ཀི་ལིན། སྲིད་གཞུང་གི་ཙུང་ལི་ཨོ་ཡུན་ཨེར་ཏིན་སོགས་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་དང་། དེ་མིན་མོང་གོལ་དུ་སྡོད་པའི་ཕྱི་རྒྱལ་གྱི་གཞུང་ཚབ་ཁང་དང་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འཐུས་མི་སོགས་ཉིན་དེའི་དམག་གཟིགས་མཛད་སྒོར་ཞུགས།

མོང་གོལ་རྒྱལ་ཁབ་ཀྱི་དམག་དཔུང་དང་ཉེན་རྟོག་དཔོན་དམག1500ལྷག་རུ་ཁག22སུ་བྱས་ཏེ་དམག་གཟིགས་མཛད་སྒོར་ཞུགས་ནས་ཞིབ་བཤེར་དང་ལེན་བྱས། ཧུའུ་རི་ལེ་སུའུ་ཧི་ཡིས་དམག་གཟིགས་མཛད་སྒོའི་སྟེང་བཤད་རྒྱུར། རྒྱལ་དར་ནི་མོང་གོལ་རྒྱལ་ཁབ་ཀྱི་རང་བཙན་བདག་དབང་དང་མི་དམངས་མཐུན་སྒྲིལ་འཆམ་མཐུན་གྱི་མཚོན་རྟགས་ཡིན་ཟེར།

མོང་གོལ་གྲོས་ཁང་གིས2008ལོར་བཅའ་ཁྲིམས་འཆར་ཟིན་ལ་གྲོས་མཐུན་བཀོད་དེ། ལོ་རེའི་ཟླ7པའི་ཚེས10ཉིན་དེ་མོང་གོལ་རྒྱལ་ཁབ་ཀྱི་རྒྱལ་དར་ཉིན་མོར་གཏན་འཁེལ་བྱས་པ་དང་། མོང་གོལ་རྒྱལ་ཁབ་ཀྱིས་རྒྱལ་དར་ཉིན་མོ་གཏན་འཁེལ་བྱེད་པའི་དམིགས་ཡུལ་ནི་སྤྱི་དམངས་ཡོངས་ཀྱིས་རྒྱལ་དར་ལ་སྔར་ལས་བརྩི་འཇོག་དང་གཅེས་སྤྲས་བྱེད་དུ་འཇུག་ཆེད་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།