ཝང་དབྱི་ཡིས་ཧི་ལན་གྱི་ཕྱི་འབྲེལ་བློན་ཆེན་ཧྥེ་ཨར་ཏི་ཁན་ཕུའུ་ལ་ཁ་པར་བཏང་།
2024.07.12 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 20

ཚེས11ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཨུ་ཡོན། ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་ཝང་དབྱི་ཡིས་ཧི་ལན་གྱི་གསར་དུ་བསྐོ་གཞག་བྱས་པའི་ཕྱི་འབྲེལ་བློན་ཆེན་ཧྥེ་ཨར་ཏི་ཁན་ལ་ཁ་པར་བཏང་།

ཝང་དབྱི་ཡིས་བཤད་རྒྱུར། ཀྲུང་གོ་དང་ཧི་ལན་གྱི་སྒོ་འབྱེད་དོན་གཉེར་གྱི་ཕྱོགས་ཡོངས་ཀྱི་མཉམ་ལས་གྲོགས་པོའི་འབྲེལ་བ་བརྟན་པོའི་ངང་འཕེལ་རྒྱས་བྱུང་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཁེ་ཕན་དངོས་སྐྲུན་ཡོད་ལ། ས་ཁུལ་དང་ཐ་ན་འཛམ་གླིང་ཞི་བདེའི་འཕེལ་རྒྱས་འགྲོ་བར་ཡང་བྱས་རྗེས་བཞག་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཧོ་ལན་གྱི་སྐབས་གསར་པའི་སྲིད་གཞུང་དང་འབྲེལ་བ་དམ་པོ་བཙུགས་ཏེ། ཕྱོགས་ཡོངས་ནས་གླེང་མོལ་དང་ཕན་ཚུན་རྒྱུས་ལོན་བྱེད་ཤུགས་ཆེ་རུ་གཏོང་འདོད་ཡོད། ཧི་ལན་ཕྱོགས་ཀྱིས་ཡོ་རོབ་ཕྱོགས་ཀྱིས་ཡང་དག་པའི་སྒོ་ནས་ཀྲུང་གོར་ལྟ་སྟངས་འཛིན་པར་སྐུལ་འདེད་བཏང་སྟེ། ཀྲུང་གོ་དང་ཡོ་རོབ་བར་གྱི་འབྲེལ་བ་སྐྱོན་བྲལ་དང་བརྟན་པོའི་ངང་འཕེལ་རྒྱས་ཡོང་བར་འཛུགས་སྐྲུན་རང་བཞིན་གྱི་ནུས་པ་འདོན་ཐུབ་པའི་ཡིད་ཆེས་ཡོད། ཧི་ལན་གྱིས་ཉོ་ཚོང་ལ་བརྟེན་ནས་རྒྱལ་ཁབ་འཛུགས་པ་དང་། རང་མོས་ཉོ་ཚོང་ལ་ཐོག་མཐའ་བར་གསུམ་དུ་རྒྱབ་སྐྱོར་བྱེད་བཞིན་ཡོད་ལ། ཀྲུང་གོ་ཕྱོགས་ཀྱིས་ཧི་ལན་ཕྱོགས་དང་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་ནས་མཉམ་དུ་གོ་ལ་ཧྲིལ་པོའི་ཐོན་རྫས་མཁོ་འདོན་འབྲེལ་ཐག་བརྟན་པོ་ཡོང་བར་སྲུང་སྐྱོང་བྱེད་འདོད་ཡོད་ཟེར། 

ཝང་དབྱི་ཡིས་བསྟན་དོན། འཚོགས་མ་ཐག་པའི་བྱང་ཆིངས་རྩ་འཛུགས་ཧྭ་ཧྲིན་ཏུང་དབུ་ཚོགས་ཀྱིས་ཀྲུང་གོར་སྐྱོན་བརྗོད་བྱས་པ་དང་། ཀྲུང་གོ་ཕྱོགས་ཀྱིས་དེ་གཏན་ནས་དང་ལེན་བྱེད་མི་སྲིད། ཞི་བདེ་དང་བདེ་འཇགས་ཀྱི་གནད་དོན་ཐད་ཀྲུང་གོ་ནི་འཛམ་གླིང་སྟེང་ཟིན་ཐོ་ཆེས་བཟང་བོའི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པ་དང་། ཀྲུང་གོ་ནི་ཐོག་མཐའ་བར་གསུམ་དུ་རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་ཀྱི་ཞི་བདེའི་སྟོབས་ཤུགས་དང་བརྟན་འཇགས་ཀྱི་སྟོབས་ཤུགས་ཤིག་རེད། ཀྲུང་གོ་དང་བྱང་ཆིངས་རྩ་འཛུགས་རྒྱལ་ཁབ་ཀྱི་ཆབ་སྲིད་ལམ་ལུགས་དང་རིན་ཐང་འདུ་ཤེས་མི་འདྲ་མོད། འོན་ཀྱང་དེ་བྱང་ཆིངས་རྩ་འཛུགས་ཀྱིས་ཀྲུང་གོ་དང་འགྲན་རྒོལ་བྱ་རྒྱུར་ངན་སྐུལ་བྱེད་པའི་རྒྱུ་རྐྱེན་དུ་བརྩི་མི་རུང་། ཡང་དག་པའི་བགྲོད་ལམ་ནི་གླེང་མོལ་ལ་ཤུགས་སྣོན་དང་། རྒྱུས་ལོན་ཇེ་ཟབ་ཏུ་གཏོང་བ། ཕན་ཚུན་ཡིད་ཆེས་ཀྱི་རྩ་བ་ཚུགས་པར་བྱས་ནས་འཐབ་ཇུས་ལ་གོ་ནོར་མི་ཐེབས་པ་བྱེད་དགོས། བྱང་ཆིངས་རྩ་འཛུགས་ཀྱིས་རང་གནས་སྲུང་ནས་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ས་ཁུལ་གྱི་ལས་དོན་ལ་ཐེ་ཇུས་མི་བྱེད་པ་དང་། ཀྲུང་གོའི་ནང་སྲིད་ལ་ཐེ་ཇུས་མི་བྱེད་པ། ཀྲུང་གོའི་ལུགས་མཐུན་ཁེ་དབང་ལ་འགྲན་སློང་མི་བྱེད་པ་བཅས་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་འདྲ་མཉམ་གྱི་རྨང་གཞིའི་སྟེང་བྱང་ཆིངས་རྩ་འཛུགས་དང་འབྲེལ་གཏུག་རྒྱུན་འཁྱོངས་དང་ཕན་ཚུན་བརྩི་འཇོག་བྱེད་པའི་རྨང་གཞིའི་སྟེང་བརྗེ་རེས་བྱེད་འདོད་ཡོད་ཅེས་བཤད།

ཧྥེ་ཨར་ཏི་ཁན་ཕུའུ་ཡིས་བསྟན་དོན། ཀྲུང་གོ་ནི་གོ་ལ་ཧྲིལ་པོའི་རང་བཞིན་གྱི་སྟོབས་ཤུགས་གལ་ཆེན་ཞིག་ཡིན་ལ། ཧི་ལན་གྱི་ཨེ་ཤ་ཡའི་དཔལ་འབྱོར་ཉོ་ཚོང་གྲོགས་པོ་གལ་ཆེན་ཞིག་ཀྱང་ཡིན་པས། ཕྱོགས་གཉིས་ཀྱིས་ཕྱོགས་མང་དང་རྒྱ་ཁྱབ་ཀྱི་གྲོས་གཞིའི་ཐོག་གཉིས་ཕན་མཉམ་ལས་བྱེད་དགོས། བརྟན་འཇགས་མིན་ལ་གཡོ་འགུལ་ཆེ་བའི་རྒྱལ་སྤྱིའི་དུས་བབ་འོག ཧོ་ལན་ཕྱོགས་ཀྲུང་གོ་དང“འབྲེལ་བ་གཅོད་རྒྱུར”འཐད་པ་བྱུང་མེད། ཧི་ལན་གྱིས་ཀྲུང་གོ་ཕྱོགས་དང་འབྲེལ་གཏུག་རྒྱུན་འཁྱོངས་བྱས་ནས་དངོས་སྒྲུབ་ཀྱི་ཧོ་ལན་དང་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་གཏོང་འདོད་ཡོད། ཡོ་རོབ་དང་ཀྲུང་གོའི་བར་གྱི་མི་མཐུན་པས་ཕྱོགས་གཉིས་ཀྱི་མཉམ་ལས་ལ་འགོག་རྐྱེན་བཟོ་མི་རུང་། ཧི་ལན་ཕྱོགས་ཀྱིས་དགེ་མཚན་ལྡན་པའི་སྒོ་ནས་ཡོ་རོབ་དང་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་རྒྱབ་སྐྱོར་བྱེད་བཞིན་ཡོད། བྱང་ཆིངས་རྩ་འཛུགས་ཁོངས་མིའི་རྒྱལ་ཁབ་རང་ངོས་ཀྱི་བདེ་འཇགས་སྲུང་སྐྱོང་བྱ་རྒྱུར་གཞོལ་བཞིན་ཡོད་པས། ཐོག་མཐའ་བར་གསུམ་དུ་འགོག་སྲུང་རང་བཞིན་གྱི་རྩ་འཛུགས་ཤིག་ཡིན་ཞེས་བཤད། 

ཚེ་རིང་སྒྲོལ་མས་བསྒྱུར།