མཉམ་འབྲེལ་རྒྱལ་ཚོགས་ཀྱི་མཐོ་རིམ་གླེང་སྟེགས་ཀྱི་བརྗོད་དོན་ཟུར་ཚོགས་ནས་ནུས་ཁུངས་སྤོར་བསྒྱུར་དང་གཅིག་འབྲེལ་གཅིག་བརྟེན་བྱེད་དགོས་པའི་འབོད་སྐུལ་བཏང་།
2024.07.12 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 11

མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་མཐུད་འཕེལ་རྒྱས་ཀྱི་མཐོ་རིམ་ཆབ་སྲིད་གླེང་སྟེགས་ཀྱི་བརྗོད་དོན་ཟུར་ཚོགས་ཚེས10ཉིན་ཉིག་ཡོ་རུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ནས་བསྡུས། ཟུར་ཚོགས་དེས་འཛམ་གླིང་ཡོངས་ཀྱི་ནུས་ཁུངས་སྤོར་བསྒྱུར་དང་གཅིག་འབྲེལ་གཅིག་བརྟེན་གྱི་གོམ་སྟབས་ཇེ་མགྱོགས་སུ་བཏང་སྟེ། རྒྱུན་མཐུད་འཕེལ་རྒྱས་དམིགས་འབེན་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་བ་བརྗོད་སྙིང་དུ་བཟུང་ཡོད། ཀྲུང་གོས་གྲོས་གཞི་བཏོན་ནས་བཙུགས་པའི་འཛམ་གླིང་ཡོངས་ཀྱི་ནུས་ཁུངས་མཉམ་འབྲེལ་དྲ་བའི་འཕེལ་རྒྱས་མཉམ་ལས་རྩ་འཛུགས་ཀྱིས་ཉིན་དེར་ཚོགས་ཐོག་ནས་འཛམ་གླིང་ཡོངས་ཀྱི་གློག་ཤུགས་འཕེལ་རྒྱས་དམིགས་ཚད་ཀྱི་ཞིབ་འཇུག་ཅེས་པའི་སྙན་ཞུ་སྤེལ།

ཟུར་ཚོགས་དེར་མཉམ་ལས་རྩ་འཛུགས་དང་མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་ཀྲུང་གོའི་འཐུས་ཚབ་ཚོགས་པ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་དང་སྤྱི་ཚོགས་ཨུ་ཡོན་ལྷན་ཁང་བཅས་ཀྱིས་མཉམ་འབྲེལ་སྒོས་སྤེལ་བ་རེད། སྐབས་དོན་བརྒྱད་པའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ཀྲུའུ་ཞི་ཧྥོ་ལིང་ཞི་སི་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་ལས་དྲུང་ཡིག་ཆེན་མོ་གཞོན་པ་ཨ་མེན་ནཱ་མུའུ་ཧན་མའོ་ཏི། མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་ཀྲུང་གོའི་འཐུས་མི་ཧྥུའུ་ཚོན་སོགས་རྣམ་པ་མི་འདྲ་བའི་སྒོ་ནས་ཚོགས་ལ་ཞུགས་ཏེ་ཞུ་ཚིག་ཕུལ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ལས་དོན་གྱི་གཙོ་འགན་ཁུར་བའི་དྲུང་ཡིག་ཆེན་མོ་གཞོན་པ་ལིས་ཅུན་ཧྭ་དང་། མཉམ་འབྲེལ་རྒྱལ་ཚོགས་གསར་སྤེལ་འཆར་འགོད་ཁང་གི་མགོ་བ་ཧྲི་ཐེ་ནཱ། ཀྲུང་གོའི་ནམ་ཟླའི་འགྱུར་ལྡོག་ལས་དོན་གྱི་ཆེད་མངག་ཕོ་ཉ་ལིའུ་ཀྲིན་མེན་སོགས་རྣམ་པ་མི་འདྲ་བའི་སྒོ་ནས་གྲོས་ཚོགས་ལ་ཞུགས་ཏེ་གཏམ་བཤད་གལ་ཆེན་སྤེལ།

ཧྥོ་ལིང་ཞི་སི་ཡིས་ཡུལ་དངོས་ནས་ཞུ་ཚིག་འབུལ་སྐབས་ཟུར་ཚོགས་བསྡུས་པ་དང་འཛམ་གླིང་ཡོངས་ཀྱི་གློག་ཤུགས་འཕེལ་རྒྱས་དམིགས་ཚད་ཀྱི་ཞིབ་འཇུག་ཅེས་པའི་སྙན་ཞུ་སྤེལ་བར་དགའ་བསུ་ཞུས། ཁོས་བཤད་རྒྱུར། ཟུར་ཚོགས་དང་སྙན་ཞུ་དེས་ལྷད་མེད་སྤོར་བསྒྱུར་ཐད་སྔར་ལས་རྒྱབ་སྐྱོར་བྱས་ཡོད་ལ། མཉམ་ལས་རྩ་འཛུགས་དང་བཅས་པའི་ལས་ཁུངས་མང་བོས་ནུས་ཁུངས་སྤོར་བསྒྱུར་ལ་སྐུལ་འདེད་གཏོང་བའི་ཐད་ཀྱི་བྱ་བ་འདུས་ཡོད། དེ་ལས་ང་ཚོས་སྔར་ལས་དག་གཙང་དང་ལྷད་མེད་ཀྱི་ཐབས་ཀྱིས་འཛམ་གླིང་ཡོངས་ཀྱི་གློག་ཤུགས་དགོས་མཁོ་བསྐང་ཐུབ་པར་རོགས་རམ་བྱེད་ཐུབ་ཟེར།

མཉམ་ལས་རྩ་འཛུགས་ཀྱི་ཀྲུའུ་ཞི། ཀྲུང་གོའི་གློག་ཤུགས་ཁེ་ལས་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་འཛིན་དཔོན་པོ་ཞིན་པའོ་ཨན་གྱིས་བརྙན་རིས་ཞུ་ཚིག་འབུལ་སྐབས་བསྟན་དོན། སྙན་ཞུ་དེ་སྤེལ་བ་ལས་རྒྱལ་ཁབ་སོ་སོས་རང་གི་གནས་ཚུལ་དང་འཚམ་པའི་གློག་ཤུགས་ལྷད་མེད་ཐཱན་ཉུང་གི་རྒྱུན་མཐུད་འཕེལ་རྒྱས་ཀྱི་བགྲོད་ལམ་རྙེད་པར་རོགས་རམ་ཐུབ་པ་དང་། ཐོན་ཁུངས་བཀོད་སྒྲིག་གང་ལེགས་བྱེད་པ་དང་དཀྱེལ་ཡངས་དང་དྲང་བདེན་གྱི་སྤོར་བསྒྱུར་ལ་སྐུལ་འདེད་གཏོང་བ། ཐོན་ལས་རིམ་སྤོར་ལ་ཡར་སྐུལ་བྱེད་པ། རྒྱལ་སྤྱིའི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་བཅས་ཕྱོགས་བཞིའི་ཐད་ནུས་པ་འདོན་སྤེལ་བྱེད་ཐུབ་ངེས་རེད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།