ལཱ་ཐའོ་ཝེ་ཡཱའི་དབུས་ཕྱོགས་ས་ཁུལ་དུ་དྲག་རླུང་ཆེན་མོའི་འཇབ་རྒོལ་ཐེབས་ནས་ས་ཁོངས་ཆེན་མོར་གློག་ཆད།
2024.07.12 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 16

ལཱ་ཐའོ་ཝེ་ཡཱའི་དབུས་ཕྱོགས་ས་ཁུལ་དུ་ཚེས11ཉིན་གྱི་ཕྱི་དྲོར་དྲག་རླུང་ཆེན་མོའི་འཇབ་རྒོལ་ཐེབས་ནས། སྡོང་བོ་མང་བོ་ལོག་པ་དང་། ཁྱིམ་ཚང་སྟོང་དགུ་ཙམ་ལ་གློག་ཆད་ཡོད། མིག་སྔར་མི་སྣར་ཤི་རྨས་བྱུང་བའི་སྙན་ཞུ་བསྒྲགས་མེད་ཟེར།

ལཱ་ཐའོ་ཝེ་ཡཱའི་ཁོར་ཡུག་དང་ས་གཤིས། ནམ་ཟླ་བཅས་ཀྱི་ལྟེ་གནས་ཀྱིས་ཉིན་དེར་དབུས་ཕྱོགས་ས་ཁུལ་དུ་རིམ་པ་ཆེས་མཐོ་བའི་ནམ་ཟླའི་ཉེན་བརྡ་བཏང་།

ལཱ་ཐའོ་ཝེ་ཡཱའི་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། གནོད་ཐེབས་ཆེས་ཚབས་ཆེ་བ་ནི་པའོ་སི་ཁཱ་ས་ཁུལ་ཡིན་པ་དང་། དྲག་རླུང་ཆེན་མོ་ལས་ས་ཁུལ་དེའི་ཁྱིམ་ཚང་སྟོང་བརྒྱད་དང་བརྒྱད་བརྒྱ་ཙམ་ལ་གློག་ཆད་པར་མ་ཟད། པའོ་སི་ཁཱ་གྲོང་ཁྱེར་གྱི་ལུས་རྩལ་ར་བའི་ཁང་ཀླད་གོག་པ་དང་། འགྲིམ་འགྲུལ་བརྡ་རྟགས་བཀོལ་ཐབས་མེད་པར་གྱུར་ནས་གྲོང་ཁྱེར་ནང་ཁུལ་དུ་འགྲིམ་འགྲུལ་འཚང་ཁ་བྱུང་ཡོད་ལ། ས་དེའི་གློག་ཤུགས་ཀུང་ཟིས་བྱ་བ་ལས་བཞིན་ཡོད་པ་དང་། མྱུར་མོར་གློག་ཤུགས་མཁོ་འདོན་སླར་གསོ་བྱེད་རྒྱུ་རེད། མིག་སྔར་ད་རུང་ཁྱིམ་ཚང་སྟོང་བཞི་ཙམ་ལ་གློག་ཆད་ཡོད་ཟེར།

ལཱ་ཐའོ་ཝེ་ཡཱའི་གཞུང་ལམ་དོ་དམ་སྡེ་ཁག་གིས་བཤད་རྒྱུར། སྡོང་བོའི་ཡལ་ག་ཆག་པ་དང་དངོས་པོ་མང་བོ་རླུང་གིས་འཁུར་ནས་པའོ་སི་ཁཱ་ཉེ་འདབས་ཀྱི་མྱུར་བགྲོད་གཞུང་ལམ་ལ་བཀག་རྒྱ་བཟོས་པས། ས་ཁུལ་དེའི་འགྲིམ་འགྲུལ་ཐད་འཚང་ཁ་ཆེན་པོ་བྱུང་ཡོད་ཟེར།

ལཱ་ཐའོ་ཝེ་ཡཱའི་རིག་ནུས་དོ་དམ་དང་ས་ཁུལ་གྱི་འཕེལ་རྒྱས་པུའུ་ཡིས་ཚེས12ཉིན་པའོ་སི་ཁཱ་གྲོང་ཁྱེར་ནས་བྲེལ་མྱུར་གྲོས་ཚོགས་བསྡུས་ཏེ་ཐག་གཅོད་བྱེད་ཐབས་ལ་གྲོས་བསྡུར་བྱེད་རྒྱུ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།