ནེ་ཀྲིར་གྱི་ནང་སྲིད་པུའུ་ཡིས་ཚེས11ཉིན་བསྒྲགས་པ་ལྟར་ན། རྒྱལ་ཁབ་དེའི་ནུབ་ཕྱོགས་ཀྱི་ཏིས་ལཱ་པེ་ལི་ས་ཁུལ་ཆེན་མོའི་ཏིས་ལཱ་པེ་ལི་ཞིང་ཆེན་གྱི་ཁུའུ་ཐུའུ་ཁཱ་ལོས་བཙོན་ཁང་ནས་ཉིན་དེར་བཙོན་ཡོལ་དོན་རྐྱེན་བྱུང་།
ནེ་ཀྲིར་གྱི་ནང་སྲིད་པུའུ་ཡིས་བཤད་རྒྱུར། མིག་སྔའི་བར་དུ་བཙོན་ཡོལ་བྱས་པའི་མི་གྲངས་དང་བྱེད་ཐབས་སོགས་གསལ་བོར་མི་ཤེས་པ་དང་། ཏིས་ལཱ་པེ་ལི་ས་ཁུལ་ཆེན་མོས་ཏིས་ལཱ་པེ་ལི་ཞིང་ཆེན་ནས་མཚན་མགྲོན་བཀག་སྡོམ་བྱས་པ་ཁྱབ་བསྒྲགས་བྱས་ཡོད་ཟེར།
བསྒྲགས་པ་ལྟར་ན། དོན་རྐྱེན་བྱུང་བའི་བཙོན་ཁང་དེ་ནེ་ཀྲིར་གྱི་རྒྱལ་ས་ནེ་ཡཱ་མཱེའི་ནུབ་བྱང་ཕྱོགས་ཀྱི་སྤྱི་ལེ50མཚམས་སུ་ཡོད་པ་དང་། གནས་དེར་པའོ་ཁི་གནས་མཆོག་དང་དབྱི་སི་ལན་རྒྱལ་ཁབ་སོགས་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་བཀག་འཇུག་བྱས་ཡོད་པ་རེད། 2016ལོ་དང2019ལོར། བཙོན་ཁང་དེར་བཙོན་ཡོལ་དོན་རྐྱེན་ཐེངས་གཉིས་བྱུང་ཡང་བདེ་བླག་ངང་བཀག་འགོག་བྱས་ཡོད།
ཏིས་ལཱ་པེ་ལི་ས་ཁུལ་ཆེན་མོ་དེ་ནེ་ཀྲིར་ནུབ་ཕྱོགས་ཀྱི་མཱ་ལི་དང་པུའུ་ཁི་ནཱ་ཧྥ་སོ་གཉིས་དང་ཉེ་བའི་འབྲེལ་མཚམས་ས་ཁུལ་དུ་གནས་པ་དང་། ཉེ་བའི་ལོ་འགའི་རིང་ལ། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་འབྲེལ་བ་ཡོད་པའི་འཇིགས་སྐུལ་རྩ་འཛུགས་ཀྱིས་ས་ཁུལ་དེར་འཇབ་རྒོལ་བྱས་ཏེ་མི་སྣ་མང་བོར་ཤི་རྨས་བཟོས་ཡོད་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།