ཨུ་རུ་སི་དང་ཨ་མེ་རི་ཁའི་རྒྱལ་སྲུང་པུའུ་ཀྲང་གིས་ཁ་པར་བརྒྱུད་དེ་འགོག་སྲུང་བདེ་འཇགས་ཀྱི་འཇིགས་ཉེན་སོགས་གནད་དོན་ལ་གྲོས་བསྡུར་བྱས།
2024.07.13 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 28

ཨུ་རུ་སིའི་རྒྱལ་སྲུང་པུའུ་ཀྲང་པེ་ལོ་ཝུའུ་སོ་ཧྥུའུ་ཡིས་ཚེས12ཉིན་ཨ་མེ་རི་ཁའི་རྒྱལ་སྲུང་པུའུ་ཀྲང་ཨོ་སི་ཏེན་ལ་ཁ་པར་བཏང་སྟེ། ཕྱོགས་གཉིས་ཀྱིས་འགོག་སྲུང་བདེ་འཇགས་ཀྱི་འཇིགས་ཉེན་སོགས་གནད་དོན་ལ་གྲོས་བསྡུར་བྱས།

ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་ཉིན་དེའི་དགོང་མོར་སྤེལ་བའི་གནས་ཚུལ་ལྟར་ན། ཁ་པར་གྲོས་མོལ་དེ་ནི་ཨུ་རུ་སི་ཕྱོགས་ཀྱིས་གྲོས་གཞི་བཏོན་པ་ལྟར་སྤེལ་བ་ཡིན་ལ། རྒྱལ་ཁབ་གཉིས་ཀྱི་རྒྱལ་སྲུང་པུའུ་ཀྲང་གིས་འགོག་སྲུང་བདེ་འཇགས་ཀྱི་འཇིགས་ཉེན་སྔོན་འགོག་དང་ཛ་དྲག་ཏུ་འགྱུར་སྲིད་པའི་ཉེན་ཁ་ཞི་འཇགས་སུ་གཏོང་བ་སོགས་ཀྱི་གནད་དོན་ལ་གྲོས་བསྡུར་བྱས་ཟེར།

གཞན་ཡང་ཨ་མེ་རི་ཁའི་རྒྱལ་སྲུང་པུའུ་ཡིས་སྤེལ་བའི་གནས་ཚུལ་ལྟར་ན། ཨོ་སི་ཏེན་གྱིས་ཁ་པར་གཏོང་སྐབས་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འཁྲུག་རྩོད་སྐབས་སུ་འབྲེལ་འདྲིས་ཐབས་ལམ་སྲུང་འཛིན་བྱེད་པའི་གལ་ཆེན་རང་བཞིན་ནན་བཤད་བྱས་ཟེར།

པེ་ལོ་ཝུའུ་སོ་ཧྥུའུ་ཡིས་ཟླ6པའི་ཚེས25ཉིན་ཨོ་སི་ཏེན་ལ་ཁ་པར་བཏང་བ་དང་། ཕྱོགས་གཉིས་ཀྱིས་ཝུའུ་ཁི་ལན་གྱི་གནད་དོན་ལ་དམིགས་ནས་རང་རང་གི་ལངས་ཕྱོགས་རྒྱས་བཤད་བྱས་པ་རེད། དེ་ནི་ཨུ་རུ་སི་དང་ཨ་མེ་རི་ཁའི་རྒྱལ་སྲུང་པུའུ་ཀྲང་གིས་ལོ་གཅིག་ཙམ་ལྷག་གི་རིང་ལ་ཐོག་དང་པོར་ཁ་པར་གྲོས་མོལ་བྱས་པ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།