རོ་མཱ་ནི་ཡཱའི་སྲིད་གཞུང་གིས་རྒྱལ་ཁབ་མིས་བཟོས་རིག་ནུས་འཐབ་ཇུས་ལ་ཆོག་མཆན་བཀོད།
2024.07.13 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 17

རོ་མཱ་ནི་ཡཱའི་སྲིད་གཞུང་གིས་ཚེས11ཉིན2024ལོ་ནས2027ལོའི་བར་གྱི་རྒྱལ་ཁབ་ཀྱི་མིས་བཟོས་རིག་ནུས་འཐབ་ཇུས་ལ་ཆོག་མཆན་བཀོད་པ་དང་། འཐབ་ཇུས་སྒྲོམ་གཞི་དེའི་དམིགས་ཡུལ་ནི་ཡོ་རོབ་གླིང་གི་རབས་རྗེས་མའི་འབྲེལ་ཡོད་ལག་རྩལ་གྱི་ལག་བསྟར་ལ་རྒྱབ་སྐྱོར་བྱེད་ཆེད་ཡིན་ལ། སྤྱི་ཚོགས་དང་འཚོ་བའི་ཕྱོགས་སོ་སོ་དང་། དཔལ་འབྱོར་བཅས་ཀྱི་ཐད་ལ་ཤུགས་ཆེན་ཟབ་མོ་ཐེབས་སྲིད།

རྩོམ་ཡིག་ལས་བསྟན་དོན། ཡོ་རོབ་གླིང་མནའ་འབྲེལ་གྱི་མིས་བཟོས་རིག་ནུས་འཕེལ་རྒྱས་ཐད་ཀྱི་སྤོབས་སེམས་དང་མཐུན་པོ་ཡོང་ཆེད། རོ་མཱ་ནི་ཡཱ་ཡིས་ལྟ་རྟོག་དོ་དམ་སྒྲོམ་གཞི་བཙུགས་ཏེ། རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་ལག་རྩལ་ལམ་ཐིག་གཏན་འབེབས་བྱས་ཤིང་། རིག་གཞུང་ལས་རིགས་དང་ཚོང་དོན་ལས་རིགས། སྤྱི་བའི་དོ་དམ་སྡེ་ཁག་སོགས་ཀྱི་མཉམ་ལས་ལ་སྐུལ་འདེད་བཏང་ནས། ཚན་རིག་དང་ལག་རྩལ་གསར་གཏོད། དངུལ་གཏོང་བཅས་ཐད་ཀྱི་ཆེད་ལས་ཤེས་བྱེད་བེད་སྤྱོད་གང་ལེགས་བྱེད་རྒྱུ་རེད།

དེའི་ཆེད་དུ་རོ་མཱ་ནི་ཡཱ་ཡིས་འཐབ་ཇུས་གཙོ་གནད་འགར་བརྟེན་ནས་གཞི་གྲངས་སྤོར་བསྒྱུར་ལག་བསྟར་བྱས་ཤིང་། གཞི་གྲངས་ཅན་གྱི་སྤྱི་བའི་དོ་དམ་དང་། གཞི་གྲངས་ཅན་གྱི་དཔལ་འབྱོར། གཞི་གྲངས་ཅན་གྱི་སློབ་གསོ། དྲ་རྒྱའི་བདེ་འཇགས། གཞི་གྲངས་ཅན་གྱི་འཕྲིན་གཏོང་བཅས་འདུས། དེའི་ནང་མིས་བཟོས་རིག་ནུས་དེ Gལྔ་དང་དངོས་འབྲེལ་དྲ་རྒྱ། ཚད་རྡུལ་འཕྲིན་གཏོང་། འཕྲུལ་མི། ས་ཁུལ་གྱི་སྦྲེལ་མཐུད། རིག་ནུས་གྲོང་ཁྱེར་སོགས་ཀྱི་ལག་རྩལ་སོགས་དང་མཉམ་དུ་དོ་སྣང་ཆེན་པོ་ཐོབ་ཡོད།

འཐབ་ཇུས་དེ་ལས་མིས་བཟོས་རིག་ནུས་ཀྱི་རོ་མཱ་ནི་ཡཱའི་དཔལ་འབྱོར་རྣམ་པ་བསྒྱུར་བའི་ཁྲོད་ཀྱི་སྦས་ཤུགས་ནན་བཤད་བྱས། འཐབ་ཇུས་ཡིག་ཆ་ལས་བསྟན་དོན། དཔལ་འབྱོར་འཕར་སྣོན་དང་སྤྱི་ཚོགས་དར་རྒྱས་དེ་རོ་མཱ་ནི་ཡཱ་ཕྱོགས་ཀྱིས་མིས་བཟོས་རིག་ནུས་སོགས་གསར་དར་ལག་རྩལ་ལ་རྒྱུས་ལོན་དང་དེ་བེད་སྤྱོད་བྱས་ནས་དེ་མྱུར་མོར་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བའི་ནུས་པར་རག་ལས་ཡོད་ཟེར། དེའི་ཞོར་དུ་ད་རུང་མིས་བཟོས་རིག་ནུས་ཀྱིས་བཀོལ་སྤྱོད་མཁན་ལ་བཀག་རྒྱ་བཟོ་མི་སྲིད་པར་འགན་སྲུང་བྱེད་དགོས་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།