སོ་མཱ་ལིའི་རྒྱལ་སའི་བཙོན་ཁང་ཞིག་གི་བཙོན་མས་བཙོན་ཡོལ་བྱེད་རྩིས་བྱས་ཏེ་མི8རྐྱེན་ལམ་དུ་ཤོར།
2024.07.14 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 16

སོ་མཱ་ལིའི་དམག་ཕྱོགས་ཀྱིས་ཚེས13ཉིན་བཤད་རྒྱུར། རྒྱལ་ས་མའོ་ཅཱ་ཏིས་ཧྲ་རུ་ཡོད་པའི་བཙོན་ཁང་ཞིག་ནས་ཉིན་དེར་བཙོན་མས་བཙོན་ཡོལ་བྱེད་རྩིས་བྱས་པ་དང་། བཙོན་ཁང་ལ་ལྟ་སྲུང་བྱེད་པའི་བདེ་འཇགས་དམག་མིའི་བར་འཁྲུག་རྩོད་དྲག་པོ་བྱུང་སྟེ། བཙོན་མ5དང་དམག་མི3རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་བཙོན་མ18དང་དམག་མི3ལ་རྨས་ཕོག་ཡོད་ཟེར།

སོ་མཱ་ལིའི་བཙོན་ཁང་དམག་དཔུང་གི་མགྲིན་ཚབ་པ་ཧཱ་ལཱ་ཧྥུའུ་ཡིས་ཉིན་དེར་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། གྱོད་དོན་དེར་འབྲེལ་བའི་བཙོན་མ་ནི་སོ་མཱ་ལིའི་ཐལ་སྤྱོད་རྩ་འཛུགས་ན་གཞོན་ཏང་ཞེས་པའི་ཁོངས་མི་ཡིན་པ་དང་། ཁོ་ཚོས་ཐོབ་ཁུངས་མི་ཤེས་པའི་མཚོན་ཆ་བཀོལ་ནས་བདེ་འཇགས་དམག་དཔུང་བར་འཁྲུག་རྩོད་བྱས་ཏེ་བཙོན་ཁང་གི་བཀག་སྡོམ་ལས་ཐར་རྩིས་བྱས་པ་རེད་ཟེར།

ཧཱ་ལཱ་ཧྥུའུ་ཡིས་བཤད་རྒྱུར། བདེ་འཇགས་དམག་དཔུང་གིས་ཐེངས་འདིའི་དྲག་ཤུགས་ཀྱི་བཙོན་ཡོལ་གཡོ་ཇུས་དེ་ཕམ་ཉེས་སུ་བཏང་བ་དང་། བཙོན་མ་དག་ལ་མཚོན་ཆ་ཇི་ལྟར་ཐོབ་པར་ཕྱོགས་ཡོངས་ནས་རྟོག་ཞིབ་བྱེད་བཞིན་ཡོད་ཟེར།

སོ་མཱ་ལིའི་ན་གཞོན་ཏང་གིས་མིག་སྔར་ད་རུང་དོན་དེའི་ཐད་ནས་རྣམ་འགྱུར་ཅི་ཡང་བསྟན་མེད།

སོ་མཱ་ལིའི་ན་གཞོན་ཏང་ནི་རྟེན་གཞིའི་རྩ་འཛུགས་ལ་འབྲེལ་བ་ཡོད་པའི་ཐལ་སྤྱོད་རྩ་འཛུགས་ཤིག་ཡིན་པ་དངང་། ཉེ་བའི་ལོ་འགའི་རིང་ལ་སོ་མཱ་ལི་དང་དེའི་ཁྱིམ་མཚེས་རྒྱལ་ཁབ་ཏུ་ཐེངས་མང་བོར་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་བཟོས་མྱོང་བ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།