བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཧེ་ཐིའི་ཕྱོགས་བསྡུས་དོན་གཅོད་ཁྲུའུ་ཡི་དབང་ཡུན་ཇེ་རིང་དུ་བཏང་།
2024.07.14 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 19

མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཚེས12ཉིན་གྲོས་ཆོད་གཉིས་བདུན་བཞི་གསུམ་ལ་གྲོས་མཐུན་བཀོད་དེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཧེ་ཐིའི་ཕྱོགས་བསྡུས་དོན་གཅོད་ཁྲུའུ་ཡི་དབང་ཡུན་དེ2025ལོའི་ཟླ7པའི་ཚེས15ཉིན་བར་ཇེ་རིང་དུ་གཏོང་བར་གཅིག་གྱུར་གྲོས་འཆམ་བྱུང་།

བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་གྲོས་ཆོད་ནང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཧེ་ཐིའི་ཕྱོགས་བསྡུས་དོན་གཅོད་ཁྲུའུ་ཡིས་ཧེ་ཐིའི་མི་གཙོར་བཟུང་ཞིང་ཧེ་ཐིའི་མིར་དབང་བའི་ཆབ་སྲིད་འཕེལ་རིམ་ལ་རྒྱབ་སྐྱོར་ཇི་ལྟར་བྱེད་པའི་འཐབ་ཇུས་ཤིག་གཏན་འབེབས་བྱེད་དགོས་པར་མ་ཟད། དུས་ཚིགས་ཀྱི་སྙན་ཞུའི་ནང་བདེ་འཇགས་ལས་འཛིན་ལྷན་ཚོགས་ནས་འཐབ་ཇུས་དེ་ལག་བསྟར་བྱས་པའི་གནས་ཚུལ་སྙན་ཞུ་བྱེད་དགོས་པའི་རེ་་བ་བཏོན། གྲོས་ཆོད་ལྟར་ན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཧེ་ཐིའི་ཕྱོགས་བསྡུས་དོན་གཅོད་ཁྲུའུ་ཡིས་མུ་མཐུད་དུ་རང་གི་དབང་ཚད་ཁྱབ་ཁོངས་ནང་གི་ལས་འགན་ལག་བསྟར་བྱེད་རྒྱུ་ཡིན་པ་དངང་། དེའི་ནང་ཧེ་ཐིའི་ཉེན་རྟོག་ཕྱོགས་ལ་བློ་འདྲིའི་རྒྱབ་སྐྱོར་འདོན་སྤྲོད་བྱེད་པ་དང་། ཕྱོགས་ཁག་བར་གྱི་འཐབ་རྩལ་རྒོལ་བའི་གསོ་སྦྱོང་། མཐའ་མཚམས་དང་གྲུ་ཁའི་དོ་དམ། དེ་མིན་ཕྱོགས་ཁག་གི་ཁོངས་མིའི་མཚོན་ཆ་བླངས་ནས་དེ་ཡང་བསྐྱར་སྤྱི་ཚོགས་སུ་ཞུགས་པར་རོགས་འདེགས་བྱེད་པ་སོགས་འདུས།

གྲོས་ཆོད་ལས་བསྐྱར་སྒྲོག་བྱས་དོན། ཧེ་ཐིའི་ཁེ་ཕན་ལ་འབྲེལ་བ་ཡོད་པའི་ཕྱོགས་ཁག་སོ་སོས་མུ་མཐུད་དུ་ཧེ་ཐིའི་མི་གཙོར་འཛིན་པ་དང་ཧེ་ཐིའི་མིར་དབང་བའི་ཆབ་སྲིད་འཕེལ་རིམ་ལ་སྐུལ་འདེད་བཏང་སྟེ། རང་དབང་དང་འདྲ་མཉམ་གྱི་ཁྲིམས་འཛུགས་དང་ཙུང་ཐུང་འདེམ་བསྐོའི་བྱ་འགུལ་སྤེལ་དགོས་པ་དང་། ཧེ་ཐིའི་ཁེ་ཕན་ལ་འབྲེལ་བ་ཡོད་པའི་ཕྱོགས་སོ་སོས་མྱུར་མོར་གནས་སྐབས་འདེམ་བསྐོའི་ཨུ་ཡོན་ལྷན་ཁང་བཙུགས་ནས། རྒྱུན་མཐུད་ལྡན་ཞིང་ཕྱོགས་སོ་སོས་དང་ལེན་བྱེད་པའི་འདེམ་བསྐོའི་ལམ་ཐིག་ཇུས་གཞིའི་ཐད་གྲོས་མཐུན་འགོད་དགོས་པའི་རེ་བ་བཏོན་པར་མ་ཟད། ཧེ་ཐིའི་སྲིད་གཞུང་གིས་ཉིན90ནང་བདེ་འཇགས་ལས་འཛིན་ལྷན་ཚོགས་ལ་འདེམ་བསྐོའི་ལམ་ཐིག་ཇུས་གཞི་སྙན་ཞུ་བྱེད་དགོས་པའི་རེ་བ་བཏོན།

གྲོས་ཆོད་ལས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དག་གིས་མཉམ་ལས་སྤེལ་ནས། ཧེ་ཐི་རུ་སྐྱེལ་འདྲེན་བྱེད་པའི་དངོས་ཟོང་ལ་ཞིབ་བཤེར་བྱེད་པ་དང་། དུས་ལྟར་བརྡ་འཕྲིན་འདོན་སྤྲོད་དང་བརྗེ་རེས་བྱས་ནས། ཁྲིམས་འགལ་མཚོན་ཆ་ཧེ་ཐི་རུ་བསྐྱལ་བབར་སྔོན་འགོག་བྱེད་དགོས་པའི་རེ་བ་བཏོན་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཧེ་ཐིའི་ཕྱོགས་བསྡུས་དོན་གཅོད་ཁྲུའུ་ཡིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དུག་རྫས་དངང་ནག་ཉེས་གནད་དོན་གཞུང་སྒྲུབ་ཁང་སོགས་ལས་ཁུངས་བར་མཉམ་ལས་བྱས་ཏེ། ཧེ་ཐིའི་ས་གནས་དབང་འཛིན་ལས་ཁུངས་ཀྱིས་ཁྲིམས་འགལ་མཚོན་ཆའི་སྐྱེལ་འདྲེན་དང་ཁྲིམས་འགལ་མ་དངུལ་གྱི་འཁོར་རྒྱུག་གནད་དོན་ལ་ཆམ་ཕབ་གཏོང་དགོས་པའི་རེ་བ་བཏོན།


བསོད་ནམས་ཚེ་རིང་གིས་བསྒྱུར།