ཁྲའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་གིས་ཚེས13ཉིན་བསྒྲགས་པ་ལྟར་ན། ཨ་མེ་རི་ཁ་དང་ཧན་གོ་རྒྱལ་ཁབ་གཉིས་ཀྱིས་ཉེ་སྔོན་ཁྲའོ་ཞན་ཕྱེད་གླིང་གི་ཉིང་རྡུལ་ནུས་པའི་ཟིལ་ཤུགས་དང་ཉིང་རྡུལ་མཚོན་ཆའི་འཐབ་འཁྲུག་སྐོར་གྱི་ཕྱོགས་སྟོན་ལ་མིང་བཀོད་པའི་ཐད་ནས། ཁྲའོ་ཞན་རྒྱལ་སྲུང་པུའུ་ཡི་མགྲིན་ཚབ་པས་ཉིན་དེར་གཏམ་བཤད་སྤེལ་ཏེ། མཐའ་གཅིག་ཏུ་རྒོལ་གཏམ་དྲག་པོ་བཏང་བར་མ་ཟད། ཁྲའོ་ཞན་གྱི་དམག་དཔུང་གིས་སྟོབས་དང་ལྡན་པའི་སྒོ་ནས་ཉིང་རྡུལ་མཚོན་ཆའི་འཐབ་འཁྲུག་ལ་བཀག་འགོག་བྱས་ནས། རྒྱལ་ཁབ་ཀྱི་བདེ་འཇགས་ལ་མཐའ་གཅིག་ཏུ་འགན་སྲུང་བྱེད་རྒྱུ་ཡིན་ཟེར།
གཏམ་བཤད་ལས་བཤད་རྒྱུར། ཨ་མེ་རི་ཁ་དང་ཧན་གོ་ཡི་བྱང་ཆིངས་རྩ་འཛུགས་ཀྱི་ཝ་ཧྲིན་ཐོན་གྱི་མཐོ་རིམ་གྲོས་ཚོགས་སྐབས་སུ་གོང་གི་ཡིག་ཆ་དེ་བཀོད་པ་ཡིན་ཞིང་། ཨ་མེ་རི་ཁའི་ཉིང་རྡུལ་སྟོབས་ཤུགས་དང་ཧན་གོའི་རྒྱུན་སྲོལ་དམག་ཤུགས་གཞི་གཅིག་ཅན་མངོན་འགྱུར་བྱས་ཏེ་ཁྲའོ་ཞན་ལ་དམིགས་པའི་ཉིང་རྡུལ་མཚོན་ཆའི་འཐབ་འཁྲུག་ལ་གྲ་སྒྲིག་བྱེད་འདོད་པ་རེད། ཨ་མེ་རི་ཁ་དང་ཧན་གོའི་བྱ་སྤྱོད་དེ་ལས་ས་ཁུལ་གྱི་དམག་དོན་གནས་བབ་སྔར་ལས་ཛ་དྲག་ཏུ་བཏང་ཡོད་ཟེར།
གཏམ་བཤད་ལས་ད་རུང་དགྲར་འཛིན་སྟོབས་ཤུགས་ཉིང་རྡུལ་མཚོན་ཆའི་ཟིལ་ཤུགས་ལས་ས་ཁུལ་གྱི་བདེ་འཇགས་ཁོར་ཡུག་ལ་ཉེན་ཁ་ཆེན་པོ་བཟོས་ཡོད། དངོས་ཡོད་ཀྱི་གནས་ཚུལ་ལས་ཁྲའོ་ཞན་ཕྱོགས་ཀྱིས་སྔར་ལས་སྟོབས་དང་ལྡན་པའི་རྣམ་འགྱུར་གྱིས་ཉིང་རྡུལ་མཚོན་ཆའི་འཐབ་འཁྲུག་ལ་ཚོད་འཛིན་བྱས་ནས། རྒྱལ་ཁབ་ཀྱི་བདེ་འཇགས་ལ་འགན་སྲུང་བྱེད་དགོས་པའི་རེ་བ་བཏོན་ཡོད་ཟེར།
གཞན་ཡང་ཧན་གོའི་མཉམ་འབྲེལ་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། ཧན་གོ་དང་ཨ་མེ་རི་ཁ་ཕྱོགས་གཉིས་ཀྱིས་ཚེས11ཉིན་ཝ་ཧྲིན་ཐོན་གྱི་བྱང་ཆིངས་རྩ་འཛུགས་ཀྱི་མཐོ་རིམ་གྲོས་ཚོགས་སྐབས་སུ་ཕྱོགས་གཉིས་ཀྱི་གྲོས་མོལ་སྤེལ་བར་མ་ཟད། གོང་གི་ཕྱོགས་སྟོན་སྐོར་གྱི་མཉམ་འབྲེལ་གསལ་སྒྲོག་སྤེལ། ཧན་གོ་དང་ཨ་མེ་རི་ཁས་མགོ་ཁྲིད་པས་བཤད་རྒྱུར། གལ་ཏེ་ཁྲའོ་ཞན་གྱིས་ཧན་གོར་ཉིང་རྡུལ་ནུས་པའི་འཇབ་རྒོལ་གང་རུང་སྤེལ་ན། མྱུར་མོར་རྒོལ་ལན་ཚ་ནན་གཏོང་ངེས་ཡིན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།