དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲའི་ལྷོ་ཕྱོགས་ས་ཁུལ་དུ་འགས་གཏོར་བཏང་ནས་ཉུང་མཐར་ཡང་མི་དོན་གཅིག་རྐྱེན་ལམ་དུ་ཤོར།
2024.07.14 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 17

ཕཱ་ལེ་སི་ཐན་གྱི་ཅཱ་ཧྲ་ས་ཁུལ་གྱི་འཕྲོད་བསྟེན་སྡེ་ཁག་གིས་ཚེས13ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེར་ཅཱ་ཧྲའི་ལྷོ་ཕྱོགས་ཀྱི་ཧན་ཡུག་ནེ་སིའི་མཱ་ཝ་ཞི་ས་ཁུལ་དུ་འགས་གཏོར་བཏང་སྟེ། ཉུང་མཐར་ཡང་མི71རྐྱེན་ལམ་དུ་ཤོར་བ་དང་། མི289ལ་རྨས་ཕོག་ཡོད་ཟེར།

ས་དེའི་བདེ་འཇགས་སྡེ་ཁག་གི་མི་སྣས་གསར་འགོད་པར་བཤད་རྒྱུར། དབྱི་སི་རལ་གྱི་འཐབ་འཛིང་གནམ་གྲུས་མཱ་ཝ་ཞི་ས་ཁུལ་གྱི་ཡུལ་འཁྱམ་མཁན་གྱི་རས་གུར་ཡོད་སར་འཕུར་མདའ་གསུམ་གཏོང་འཕེན་བྱས་པ་དང་། དེའི་རྗེས་སུ་དམངས་སྲུང་གི་རླངས་འཁོར་ཞིག་ལ་འཇབ་རྒོལ་བྱས་པ་རེད།

དབྱི་སི་རལ་གྱི་དམག་དཔུང་གིས་ཚེས13ཉིན་བཤད་རྒྱུར། དབྱི་སི་རལ་ཕྱོགས་ཀྱིས་ཉིན་དེར་གསང་འཕྲིན་གཞིར་བཟུང་ནས་ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སིའི་མགོ་ཁྲིད་པ་གཉིས་དང་བཅས་པའི་དྲག་ཆས་ཉེས་ཅན་སྦས་སྐོང་བྱེད་སར་འཇབ་རྒོལ་བྱས་ཟེར། དབྱི་སི་རལ་གྱི་སྐམ་དམག་གི་རླུང་འཕྲིན་གྱིས་བསྒྲགས་པ་ལྟར་ན། དམིགས་འབེན་མི་སྣ་ནི་ཧཱ་མཱ་སིའི་དམག་དོན་སྡེ་ཁག་གི་གཙོ་འཛིན་མུའུ་ཧན་མའོ་ཏི་ཏའེ་ཧྥུའུ་དང་ཧཱ་མཱ་སིའི་ཧན་ཡུག་ནེ་སིའི་བཀོད་འདོམ་དཔོན་པོ་ལཱ་ཧྥ་ཨ་སཱ་ལཱ་མཱ་རེད་ཟེར། དབྱི་སི་རལ་གྱི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། ཏའེ་ཧྥུའུ་ཡི་ཤི་རྨས་གནས་ཚུལ་གསལ་བོར་མི་ཤེས་ཟེར།

ཧཱ་མཱ་སི་ཡིས་དོན་དེའི་ཐད་ནས་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་ཕྱོགས་ཀྱིས་ཐེངས་འདིའི་འཇབ་རྒོལ་བྱ་ཡུལ་ནི་ཧཱ་མཱ་སིའི་མགོ་ཁྲིད་པ་ཡིན་པར་བསྒྲགས་པ་རྫུན་ཡིན་པ་དང་། དེ་ནི་དབྱི་སི་རལ་ཕྱོགས་ཀྱིས་འཇབ་རྒོལ་དམིགས་འབེན་དེ་ཧཱ་མཱ་སིའི་མགོ་ཁྲིད་པ་ཡིན་པར་རྫུན་བཤད་པ་ཐོག་དང་པོ་མིན། དེའི་དམིགས་ཡུལ་ནི་འཇབབ་རྒོལ་གྱི་གཞི་རྒྱ་ཆེ་བ་དེ་འགེབས་པའི་ཆེད་དུ་ཡིན་ཟེར།

གཞན་ཡང་ཕཱ་ལེ་སི་ཐན་འཕྲིན་གཏོང་ཁང་གིས་ཚེས13ཉིན་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེར་ཅཱ་ཧྲའི་མཁར་ནུབ་ཕྱོགས་ཀྱི་ཧྲ་ཐིས་ཡུལ་གྱར་བའི་སྒར་སར་འཇབ་རྒོལ་བྱས་ཏེ། ཉུང་མཐར་ཡང་མི15རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་བུད་མེད་དང་བྱིས་པ་འདུས་པའི་མི་མང་བོར་རྨས་ཕོག་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།