སི་རི་ཡཱའི་ཕྱི་འབྲེལ་པུའུ་ཡིས་ཚེས13ཉིན་གསལ་སྒྲོག་སྤེལ་ཏེ། ཐུར་ཁེ་ཡིས་སི་རི་ཡཱའི་མངའ་ཁོངས་ཀྱི་ཁྲིམས་འགལ་བཅའ་སྡོད་དམག་དཔུང་ཕྱིར་འཐེན་བྱེད་པ་ནི་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སླར་གསོ་བྱེད་པའི་ཐོག་མའི་རྨང་གཞི་ཡིན་ཟེར།
གསལ་སྒྲོག་ལས་བཤད་རྒྱུར། སི་རི་ཡཱ་ཡིས་རྒྱལ་ཁབ་བར་གྱི་ཁེ་ཕན་དེ་ཕན་ཚུན་བར་གྱི་འབྲེལ་བ་བཟང་བོའི་སྟེང་འཛུགས་དགོས་པ་ལས་འཁྲུག་རྩོད་དང་དགྲར་འཛིན་གྱི་རྨང་གཞིའི་སྟེང་འཛུགས་པ་མ་ཡིན་པར་ཡིད་ཆེས་བྱས་ཡོད་པས། སི་རི་ཡཱ་དང་ཐུར་ཁེའི་འབྲེལ་བ་སླར་གསོ་བྱེད་པའི་སྐོར་གྱི་གྲོས་གཞི་གང་རུང་ལ་ལྟ་སྟངས་ཡག་པོ་བཟུངང་ཡོད་ལ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་རྒྱུན་ལྡན་རྣམ་པ་སླར་གསོ་བྱེད་ཆེད། སི་རི་ཡཱ་དང་ཐུར་ཁེའི་འབྲེལ་བར་འབྲེལ་བའི་གྲོས་གཞི་གང་རུང་ངེས་པར་དུ་ཐུར་ཁེས་སི་རི་ཡཱའི་མངའ་ཁོངས་ཀྱི་ཁྲིམས་འགལ་བཅའ་སྡོད་དམག་དཔུང་ཕྱིར་འཐེན་བྱེད་པ་དང་འཇིགས་སྐུལ་རྩ་འཛུགས་ལ་ཆམ་ཕབ་གཏོང་བ་སོགས་ཀྱི་རྨང་གཞིའི་སྟེང་འཛུགས་དགོས་པ་ཡིན། འཇིགས་སྐུལ་རྩ་འཛུགས་དེ་དག་གིས་སི་རི་ཡཱའི་བདེ་འཇགས་ལ་འཇིགས་ཉེན་བཟོ་བར་མ་ཟད། ཐུར་ཁེའི་བདེ་འཇགས་ལའང་འཇིགས་ཉེན་བཟོ་བཞིན་ཡོད་ཟེར།
2011ལོར་སི་རི་ཡཱའི་ནང་འཁྲུག་བྱུང་བའི་རྗེས་སུ། ཐུར་ཁེ་ཡིས་སི་རི་ཡཱའི་ངོ་རྒོལ་ཕྱོགས་ཁག་ལ་རྒྱབ་སྐྱོར་བྱས་པ་དང་། རྒྱལ་ཁབ་གཉིས་ཀྱིས2012ལོ་ནས་ད་ལྟའི་བར་འབྲེལ་ཐག་བཅད་པ་ཡིན། ས་ཁུལ་གྱི་གནས་བབ་འགྱུར་ལྡོག་དང་བསྟུན་ནས། སི་རི་ཡཱ་དང་ཐུར་ཁེ་ཡིས་ཨུ་རུ་སི་སོགས་ཀྱི་བར་འདུམ་འོག་རིམ་པ་མི་འདྲ་བའི་གྲོས་མོལ་སྤེལ་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་གྲུབ་འབྲས་བཟང་བོ་ཐོབ་ཡོད། སི་རི་ཡཱའི་ཙུང་ཐུང་པཱ་ཧྲ་ཨར་གྱིས་ད་ལོའི་ཟླ6པའི་ཟླ་མཇུག་བསྟན་དོན། སི་རི་ཡཱའི་བདག་དབང་ལ་བརྩི་འཇོག་བྱེེད་པ་དང་། སི་རི་ཡཱ་ཡིས་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་བར་རྒྱབ་སྐྱོར་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག སི་རི་ཡཱ་ཡི་ཐུར་ཁེ་བར་གྱི་འབྲེལ་བར་འབྲེལ་བའི་གྲོས་འདོན་གང་རུང་ལ་སྒོ་འབྱེད་ཀྱི་རྣམ་འགྱུར་འཛིན་རྒྱུ་ཡིན་ཟེར། ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏའོ་ཨན་གྱིས་ཀྱང་ཚོགས་ར་མང་བོ་ནས་ཐུར་ཁེེ་དང་སི་རི་ཡཱའི་འབྲེལ་བ་སླར་གསོ་བྱེད་འདོད་ཡོད་པའི་ཚུལ་བསྟན།
བསོད་ནམས་ཚེ་རིང་གིས་བསྒྱུར།