ཐེངས་འདིའི་དམག་དོན་སྦྱོང་བརྡར་ལ་མཉམ་འབྲེལ་བཀོད་འདོམ་པུའུ་བཀོད་སྒྲིག་བྱས་ཡོད་ཅིང་། ཀྲུང་གོ་དང་ཨུ་རུ་སི་རྒྱལ་ཁབ་གཉིས་ཀྱི་མཚོ་དམག་གིས་མཉམ་འདྲེས་སྒྲིག་འཛུགས་བྱས་ཡོད། མགོ་རྩོམ་པའི་མཛད་སྒོའི་སྟེང་ཀྲུང་གོ་ཕྱོགས་ཀྱི་དམག་དོན་སྦྱོང་བརྡར་གྱི་སྤྱི་ཁྱབ་འཁྲབ་ཁྲིད་པས་བྟན་དོན། རྒྱལ་ཁབ་གཉིས་ཀྱི་མཚོ་དམག་གིས་ཐོག་མཐའ་བར་གསུམ་དུ་མགོ་རྩོམ་ས་མཐོ་བ་དང་ཕན་འབྲས་མཐོ་བའི་འཕེལ་རྒྱས་འཐབ་ཇུས་རྒྱུན་འཁྱོངས་བྱས་ཤིང་། དངོས་གཉེར་མཉམ་ལས་ཀྱི་ཚད་ལྡན་ཅན་དང་མ་ལག་ཅན་གྱི་ཆུ་ཚད་མཐོ་བའི་འཁོར་སྐྱོད་བྱས་ཏེ། ཕྱོགས་གཉིས་ཀྱི་ཆེད་ལས་ཁྱབ་ཁོངས་ཀྱི་བརྗེ་རེས་རྒྱ་བསྐྱེད་པ་དང་། ཧྲང་ཧེ་མཉམ་འབྲེལ་དམག་དོན་སྦྱོང་བརྡར་རྐྱེན་སྲོལ་ཉིན་རེ་བཞིན་འཐུས་ཚང་དུ་གཏོང་བ། རྒྱལ་ཁབ་གཉིས་ཀྱི་མཚོ་དམག་གིས་མཚོ་ཐོག་གི་མཉམ་འབྲེལ་དམག་དོན་འགུལ་སྐྱོད་སྤེལ་བའི་ནུས་པ་མཐོར་འདེགས་གཏོང་རྒྱུ་ཡིན་ཟེར། ཨུ་རུ་སིའི་ཕྱི་ཕྱོགས་སྤྱི་ཁྱབ་འཁྲབ་སྟོན་པས་བསྟན་དོན། མཚོ་ཐོག་གི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་སྤེལ་བ་ལས་ཕན་ནུས་ལྡན་པའི་སྒོ་ནས་ཕྱོགས་གཉིས་ཀྱི་སྦྱོང་བརྡར་ལ་ཞུགས་པའི་དམག་དཔུང་གི་མཉམ་འབྲེལ་རོགས་ལས་དང་ཆེད་ལས་ལག་རྩལ་ཆུ་ཚད་མཐོར་འདེགས་གཏོང་ཐུབ་པ་དང་། མཉམ་དུ་མཚོ་ཐོག་དང་ས་ཁུལ་གྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པར་ནུས་པ་གལ་ཆེན་འདོན་ཐུབ་ཟེར།
དམག་དོན་སྦྱོང་བརྡར་དེ་དམག་ཤུགས་གཅིག་བསྡུས་དང་། གྲུ་ཁའི་འཆར་འགོད། མཚོ་ཐོག་སྦྱོང་བརྡར་བཅས་དུས་རིམ་གསུམ་དུ་བགོས་ཡོད། ཨུ་རུ་སིའི་ཕྱོགས་ཀྱི་དམག་དོན་སྦྱོང་བརྡར་ལ་ཞུགས་པའི་གྲུ་གཟིངས་རུ་ཁག་ཚེས12ཉིན་ཧྲིན་ཅང་གི་དམག་དོན་གྲུ་ཁ་ག་གེ་མོར་འབྱོར་ནས་ཕྱོགས་གཉིས་ཀྱི་དམག་དོན་སྦྱོང་བརྡར་ལ་ཞུགས་པའི་དམག་ཤུགས་གཅིག་བསྡུས་ཡོངས་འགྲུབ་བྱས་པ་རེད། མགོ་རྩོམ་པའི་མཛད་སྒོའི་རྗེས་སུ། རྒྱལ་ཁབ་གཉིས་ཀྱི་མཚོ་དམག་གིས་རི་མོའི་ལམ་ནས་དམག་དོན་སྦྱོང་བརྡར་ལ་སྐུལ་འདེད་གཏོང་བ་དང་འཐབ་རྩལ་རོགས་ལས་སྤེལ་བ་དང་། མཉམ་འབྲེལ་བཀོད་འདོམ་པུའུ་ཡིས་མཚོ་ཐོག་སྦྱོང་བརྡར་དུས་རིམ་གྱི་སྦྱོང་བརྡར་རྣམ་གྲངས་གཙོ་བོར་གཏིང་ཟབ་ཏུ་གྲོས་བསྡུར་བྱས་ཏེ་རོགས་ལས་ཀྱི་གནད་ས་གཏན་འཁེལ་བྱས་པ་རེད། དེའི་རྗེས་སུ་དམག་དོན་སྦྱོང་བརྡར་ལ་ཞུགས་པའི་གྲུ་གཟིངས་རུ་ཁག་ཧྲིན་ཅང་ཉེ་འདབས་ཀྱི་མཚོ་ཁོངས་སུ་སོང་ནས་འགོག་སྲུང་དང་མཉམ་འབྲེལ་མྱུལ་ཞིབ་ཉེན་བརྡ་གཏོང་བ། མཉམ་འབྲེལ་རྒུད་སྐྱོབ། མཉམ་འབྲེལ་མཁའ་སྲུང་འཕུར་མདར་རྒོལ་བ་སོགས་སྦྱོང་བརྡར་རྣམ་གྲངས་མང་བོར་རྩ་འཛུགས་བྱེད་རྒྱུ་མ་ཟད། དོན་དངོས་ཀྱི་མཚོན་ཆའི་བེད་སྤྱོད་སྦྱོང་བརྡར་སྤེལ་རྒྱུ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།