ཨ་མེ་རི་ཁ་རྒྱལ་ཕྲན་མཉམ་འབྲེལ་རྟོག་ཞིབ་ཅུའུ་ཡིས་ཐི་ལིང་ཕུའུ་ལ་མེ་མདས་བརྒྱབ་པའི་དོགས་ཡོད་ཉེས་ཅན་ཁྱབ་བསྒྲགས་བྱས།
2024.07.15 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 26

ཨ་མེ་རི་ཁའི་རྒྱལ་ཕྲན་མཉམ་འབྲེལ་རྟོག་ཞིབ་ཅུའུ་ཡིས་ཚེས14ཉིན་པེན་ཞི་ཧྥ་ནེ་ཡཱ་མངའ་སྡེ་ནས་ཡོང་བའི་ལོ་ཉི་ཤུ་ཅན་གྱི་སྐྱེས་པ་ཞིག་སྔོན་ཆད་ཀྱི་ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ལ་མེ་མདས་འཇབ་རྒོལ་བྱེད་མཁན་གྱི་དོགས་ཡོད་ཉེས་ཅན་དུ་ཁྱབ་བསྒྲགས་བྱས། སྐྱེས་པ་དེ་འགྲན་རྩོད་འདུ་ཚོགས་ཀྱི་ཡུལ་དངོས་ནས་བསད་པ་རེད།

ཨ་མེ་རི་ཁའི་རྒྱལ་ཕྲན་མཉམ་འབྲེལ་རྟོག་ཞིབ་ཅུའུ་ཡིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། སྐྱེས་པ་དེའི་མིང་ལ་ཐའོ་མཱ་སི་མཱ་ཞིག་ཁི་ལུའུ་ཁི་སི་ཟེར་ཞིང་། པེན་ཞི་ཧྥ་ནེ་ཡཱ་མངའ་སྡེའི་པེ་སེ་ཨར་ཕཱ་ཁི་རུ་བསྡད་ཡོད་ལ། དེས་དོན་རྐྱེན་བཟོ་བའི་དམིགས་ཡུལ་ཅི་ཡིན་གསལ་བོར་མི་ཤེས་ཟེར།

མིག་སྔར་དོགས་ཡོད་ཉེས་ཅན་དེ་དང་ཕྱི་རྒྱལ་གྱི་འཇིགས་སྐུལ་རིང་ལུགས་རྩ་འཛུགས་བར་འབྲེལ་བ་ཅི་ཞིག་ཡོད་པ་མི་ཤེས་པ་དང་། ཁོ་རང་དེའི་སྔོན་ཁྲིམས་འཛུགས་ལས་ཁུངས་ཀྱི་ལྟ་རྟོག་མིང་ཐོའི་ནང་ཚུད་མྱོང་མེད། རྒྱལ་ཕྲན་མཉམ་འབྲེལ་རྟོག་ཞིབ་ཅུའུ་ཡིས་སྔར་བཞིན་དེའི་རྒྱབ་ལྗོངས་ལ་རྟོག་ཞིབ་བྱེད་བཞིན་ལ། དེའི་སྡོད་གནས་བཀག་སྡོམ་བྱས་ཡོད་ཟེར།

ཐི་ལིང་ཕུའུ་ཡི་འགྲན་རྩོད་ཚོགས་ཁག་གིས་བསྟན་དོན། ཐི་ལིང་ཕུའུ་ཡི་ལུས་ཕུང་ལ་སྐྱོན་ཆེན་པོ་མེད་པ་དང་། བསམ་པའི་རྣམ་པ་བཟང་ཟེར། རྒྱུས་ལོན་པ་ལྟར་ན། ཁོའི་འགྲན་རྩོད་བྱ་འགུལ་གྱི་བཀོད་སྒྲིག་ལ་འགྱུར་ལྡོག་མེད་པ་དང་། འཆར་གཞི་ལྟར་དུ་གཟའ་འཁོར་རྗེས་མར་ཝེ་སི་ཁང་ཞིན་མངའ་སྡེའི་མུས་ཨར་བོ་ཅི་གྲོང་ཁྱེར་དུ་སྤེལ་རྒྱུ་ཡིན་པའི་སྤྱི་མཐུན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ལ་ཞུགས་རྒྱུ་ཡིན་པ་དང་། སྐབས་ཐོག་དེར་ཁོ་རང་དངོས་སུ་སྤྱི་མཐུན་ཏང་གི་འདེམ་སྒུག་མི་སྣར་དངོས་སུ་མིང་འདོན་བྱེད་རྒྱུ་རེད་ཟེར།

ཕོ་བྲང་དཀར་པོས་ཚེས13ཉིན་གྱི་དགོང་མོར་བསྟན་དོན། ཙུང་ཐུང་པེད་ཏིན་གྱིས་ཐི་ལིང་ཕུའུ་ལ་ཁ་པར་བཏང་བ་རེད་ཟེར།

ཨ་མེ་རི་ཁའི་སྔོན་ཆད་ཀྱི་ཙུང་ཐུང་། སྤྱི་མཐུན་ཏང་གི་ཁོངས་མི་ཐི་ལིང་ཕུའུ་ལ་ཚེས13ཉིན་གྱི་དགོང་མོར་པེན་ཞི་ཧྥ་ནེ་ཡཱ་མངའ་སྡེའི་པཱ་ཐི་ལེ་གྲོང་ཁྱེར་ནས་བསྡུས་པའི་འགྲན་རྩོད་འདུ་ཚོགས་སྟེང་ལྐོག་གསོད་ཐེབས་ཀྱང་སྐྱོན་མ་བྱུང་། མེ་མདས་བརྒྱག་མཁན་དེ་དམིགས་བསལ་མཁོ་སྒྲུབ་ཅུའུ་ཡི་མི་སྣས་བསད་པ་དང་། ཡུལ་དངོས་ཀྱི་ལྟད་མོ་བ་ཞིག་རྐྱེན་ལམ་དུ་ཤོར་ཡོད་ལ། གཞན་ཡང་ལྟད་མོ་བ་གཉིས་ལ་རྨས་ལྗིད་མོ་ཕོག་ཡོད་ཟེར། ཨ་མེ་རི་ཁའི་གླེང་ཕྱོགས་ཀྱིས་བལྟས་ན། ཨ་མེ་རི་ཁའི་འདེམ་བསྐོའི་ཆེན་མོའི་གནས་ཚུལ་འོག ཡ་ང་བའི་དོན་རྐྱེན་དེ་འདྲ་བྱུང་བ་ལས་ཨ་མེ་རི་ཁའི་ཆབ་སྲིད་འགལ་བ་ཇེ་ཆེར་འགྲོ་བཞིན་པ་མཚོན་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།