ཧྥ་རན་སི་ཡིས་རྒྱལ་སྟོན་དུས་ཆེན་གྱི་དམག་གཟིགས་མཛད་སྒོ་བསྡུས།
2024.07.15 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 37

ཧྥ་རན་སི་ཡིས་ལོ་རེར་ཐེངས་རེ་སྤེལ་བཞིན་པའི་རྒྱལ་སྟོན་དུས་ཆེན་གྱི་དམག་གཟིགས་མཛད་སྒོ་ཚེས14ཉིན་ཕཱ་རེ་སི་ནས་བསྡུས།

རྩ་འཛུགས་མཁན་གྱིས་མཚམས་སྦྱོར་བྱས་པ་ལྟར་ན། ཕཱ་རེ་སིའི་ཞང་ཞེ་ལོས་ཧྲི་སྲང་ལམ་ཆེན་མོའི་འཆམ་མཐུན་ཐང་ཆེན་སོགས་སྔོན་ཆད་དམག་གཟིགས་མཛད་སྒོ་སྤེལ་སྐབས་ངེས་པར་དུ་བརྒྱུད་པའི་གནས་སུ་ཕཱ་རེ་སིའི་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་ཀྱི་གནས་སྐབས་འགྲན་སྡུར་སྟེགས་བུ་ལས་ཡོད་ཅིང་། ད་ལོའི་རྒྱལ་སྟོན་དུས་ཆེན་གྱི་དམག་གཟིགས་མཛད་སྒོ་དེ་ཞང་ཞེ་ལོས་ཧྲི་སྲང་ལམ་ཆེན་མོ་ནས་ཉེ་འགྲམ་གྱི་ཧྥུའུ་ཞོན་སྲང་ལམ་ཆེན་མོར་བསྒྱུར་བ་རེད། དམག་གཟིགས་དང་ལེན་བྱེད་པའི་དམག་དཔུང་ཉིན་དེའི་སྔ་དྲོར་རྒྱལ་ཁའི་སྒོ་ཆེན་ནས་ལམ་དུ་ཆས་ཏེ། ཧྥུའུ་ཞོན་སྲང་ལམ་ཆེན་མོ་བརྒྱུད་དེ་ཀྲུའུ་ཞིའི་སྟེགས་བུ་ལས་ཡོད་སའི་ལཱ་ཐི་ཨར་ཏི་ཐཱ་ཞི་ནེ་དམག་དཔོན་ཐང་ཆེན་དུ་སོང་བ་དང་། གནམ་གྲུ་དག་ཕཱ་རེ་སིའི་བར་སྣང་དུ་འཕུར།

ད་ལོའི་རྒྱལ་སྟོན་དུས་ཆེན་གྱི་དམག་གཟིགས་མཛད་སྒོའི་བརྗོད་སྙིང་ཐོག་མ་ནི་ནོའུ་མན་ཏིས་སྐམ་སར་བུད་ནས་ལོ་ངོ80འཁོར་བའི་རྗེས་དྲན་ཡིན་ཞིང་། དམག་གཟིགས་དང་ལེན་བྱེད་པའི་དམག་དཔུང་གིས་ཧྥ་རན་སིའི་བཅིངས་འགྲོལ་འཐབ་འཁྲུག་ལ་ཞུགས་མྱོང་བའི་རྒྱལ་ཁབ་ཀྱི་རྒྱལ་དར་བཟུང་ནས་ཀྲུའུ་ཞིའི་སྟེགས་བུའི་ཕྱོགས་སུ་སོང་། ཧྥ་རན་སིའི་དམག་མི4000ལྷག་དང་དམག་རྟ162། གནམ་གྲུ67བཅས་དམག་གཟིགས་མཛད་སྒོར་ཞུགས།

1944ལོར། མནའ་འབྲེལ་དམག་དཔུང་ནོའུ་མན་ཏིས་སྐམ་སར་བུད་པ་དང་། ལོ་དེར་ཧྥ་རན་སིའི་དམག་དམངས་དང་མནའ་འབྲེལ་དམག་དཔུང་གིས་ནཱ་ཚོས་ལག་ནས་ཕཱ་རེ་སི་འཕྲོག་ལེན་བྱས་ཏེ་ཧྥ་རན་སི་བཅིངས་འགྲོལ་བཏང་། དམག་གཟིགས་མཛད་སྒོའི་བརྗོད་སྙིང་གཉིས་པ་ནི་ཕཱ་རེ་སིའི་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་ལ་བསུ་བ་བྱེད་པ་དེ་ཡིན། ལི་ཡའོ་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་ཀྱི་སྐྱ་རྩལ་རྣམ་གྲངས་གསུམ་གྱི་གསེར་གྱི་རྟགས་མ་ཐོབ་མཁན་ཏིས་པའོ་ཝ་ལའེ་ཐི་རྟར་ཞོན་ནས། ལག་ཏུ་ཨོ་ལིན་ཕིག་གི་དཔའ་འབར་བཟུང་ཡོད་ལ། སྐྱ་མི་གཞན་པ་དག་གི་འགེབས་སྲུང་འོག་ཧྥུའུ་ཞོན་སྲང་ལམ་ཆེན་མོ་བརྒྱུད་དེ་མདུན་དུ་སོང་། ཀྲུའུ་ཞིའི་སྟེགས་བུའི་མདུན་ནས་དཔའ་འབར་དེ་ན་གཞོན་གྱི་ལུས་རྩལ་པ་ཞིག་ལ་བརྒྱུད་སྤྲོད་བྱས་པ་རེད།

1789ལོའི་ཟླ7ཚེས14ཉིན། ཧྥ་རན་སིའི་མི་དམངས་ཀྱིས་ཧྥ་རན་སིའི་བཀས་བཀོད་རྒྱུན་འཛིན་དབང་བསྒྱུར་གྱི་མཚོན་བྱེད་དུ་གྱུར་བའི་པཱ་ཧྲི་ཏིས་བཙན་རྫོང་བཙོན་ཁང་གཏོར་བ་དང་། 1880ལོའི་ཟླ7པའི་ཚེས6ཉིན། ཧྥ་རན་སིའི་སྤྱི་མཐུན་རྒྱལ་ཁབ་གསུམ་པས་བཀའ་ཁྲིམས་བསྒྲགས་པ་ཡིན་ལ། ཟླ7པའི་ཚེས14ཉིན་དེ་ཧྥ་རན་སིའི་རྒྱལ་སྟོན་དུས་ཆེན་དུ་གཏན་འཁེལ་བྱས་པ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།