ནེ་པཱ་ལཱའི་ཙུང་ཐུང་བཞུགས་ཤག་གིས་ཚེས14ཉིན་གྱི་དགོང་མོར་གསལ་སྒྲོག་སྤེལ་ཏེ། ནེ་པཱ་ལཱའི་གུང་ཁྲན་ཏང་མཉམ་འབྲེལ་མཱ་ལེ་རིང་ལུགས་ཀྱི་ཀྲུའུ་ཞི། སྔོན་ཆད་ཀྱི་ཙུང་ལི་ཨོ་ལེ་སྐབས་གསར་བའི་མཉམ་འབྲེལ་སྲིད་གཞུང་གི་ཙུང་ལིར་བསྐོ་འཇོག་བྱས་ཟེར།
གསལ་སྒྲོག་ལས་བཤད་རྒྱུར། ཙུང་ཐུང་པའོ་ཏི་ཨར་གྱིས་ནེ་པཱ་ལཱའི་རྩ་ཁྲིམས་ཀྱི་འབྲེལ་ཡོད་དོན་ཚན་གཞིར་བཟུང་ནས་ཨོ་ལེ་ཙུང་ལི་གསར་བར་བསྐོ་འཇོག་བྱས་པ་རེད།
ནེ་པཱ་ལཱའི་ཙུང་ཐུང་གི་གསར་འགྱུར་བློ་འདོན་པ་ཅི་ལན་པའོ་ཁཱ་ལོས་ཨར་གྱིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར། ཨོ་ལེ་དང་པུའུ་ཀྲང་རེ་འགས་ཚེས15ཉིན་གྱི་སྔ་དྲོར་དམ་བཅའ་བཞག་སྟེ་ལས་འགན་ཁུར།
ནེ་པཱ་ལཱའི་གུང་ཁྲན་ཏང་མཉམ་འབྲེལ་མཱ་ལེ་རིང་ལུགས་ཀྱིས་ཟླ་འདིའི་ཚེས1ཉིན་ཆེས་ཆེ་བའི་ངོ་རྒོལ་ཏང་ནེ་པཱ་ལཱའི་ཚོགས་ཆེན་ཏང་བར་གྲོས་མཐུན་བཀོད་དེ། མཉམ་འབྲེལ་གྱིས་མཉམ་འབྲེལ་སྲིད་གཞུང་གསར་བ་རྩ་འཛུགས་བྱེད་པར་འཐད་བྱུང་བ་དང་། ཏང་ཁག་གཉིས་ཀྱི་མགོ་ཁྲིད་པས་རེས་མོས་ཀྱིས2027ལོའི་འདེམ་བསྐོའི་ཆེན་མོའི་བར་ཙུང་ལིའི་འགན་ཁུར་རེས་མོས་སུ་ཁུར་རྒྱུ་རེད། ནེ་པཱ་ལཱའི་གུང་ཁྲན་ཏང་མཉམ་འབྲེལ་མཱ་ལེ་རིང་ལུགས་ཀྱིས་ཚེས3ཉིན་མཉམ་འབྲེལ་སྲིད་གཞུང་གི་རྒྱབ་སྐྱོར་རྩིས་མེད་དུ་གཏོང་རྒྱུ་ཁྱབ་བསྒྲགས་བྱས། ཕུའུ་ལཱ་ཁྲང་ཏཱའི་སྲིད་གཞུང་གིས་ཉིན30ནང་མཉམ་འབྲེལ་རྒྱལ་ཚོགས་དམངས་གྲོས་ཁང་གི་ཡིད་ཆེས་འདེམ་ཤོག་ཡང་བསྐྱར་ཐོབ་ན་ད་གཟོད་མུ་མཐུད་དུ་སྲིད་བསྐྱངས་ཆོག་པ་རེད། ཚེས12ཉིན། ཕུའུ་ལཱ་ཁྲང་ཏཱ་ལ་ཡིད་ཆེས་འདེམ་ཤོག་མ་ཐོབ་པས་མུ་མཐུད་དུ་སྲིད་སྐྱོང་བའི་ཐོབ་ཐང་ཤོར་བ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།