རུ་ཝང་ཏཱའི་ད་ལྟའི་ཙུང་ཐུང་ལ་འདེམ་བསྐོའི་ཁྲོད་འདེམ་ཤོག་ཆེས་མང་བོ་ཐོབ།
2024.07.16 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 11

རུ་ཝང་ཏཱ་རྒྱལ་ཁབ་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་ཚེས15ཉིན་གྱི་དགོང་མོར་སྤེལ་བའི་ཙུང་ཐུང་འདེམ་བསྐོའི་འདེམ་ཤོག་སྐོར་ཞིག་རྩིས་ལེན་བྱས་པའི་མཇུག་འབྲས་ལྟར་ན། བསྡོམས་རྩིས་བྱས་པའི་བརྒྱ་ཆའི་དོན་དགུའི་འདེམ་ཤོག་ཁྲོད། ད་ལྟའི་ཙུང་ཐུང་ཁཱ་ཅཱ་མཱེ་ལ་བརྒྱ་ཆའི་གོ་དགུ་དང་གྲངས་ཆུང་གཅིག་ལྔའི་འདེམ་ཤོག་ཐོབ་ཡོད་ཟེར།

རུ་ཝང་ཏཱ་ཡིས་ཚེས15ཉིན་ཙུང་ཐུང་དང་གྲོས་ཁང་དམངས་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་སྤེལ་མགོ་བརྩམས་པ་དང་། དེའི་ནང་ཙུང་ཐུང་འདེམ་བསྐོའི་འདེམ་ཤོག་འཕེན་པའི་བྱ་འགུལ་དེ་ཉིན་དེའི་ཕྱི་དྲོར་མཇུག་སྒྲིལ་བ་དང་། གྲོས་ཁང་དམངས་གྲོས་ཁང་གི་འདེམ་ཤོག་འཕེན་པའི་བྱ་འགུལ་དེ་ཚེས16ཉིན་མཇུག་སྒྲིལ་རྒྱུ་རེད། ཕྱི་རྒྱལ་དུ་སྡོད་པའི་རུ་ཝང་ཏཱའི་སྤྱི་དམངས་ཀྱིས་ཚེས14ཉིན་འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ70ལྷག་གི་འདེམ་ཤོག་འཕེན་ས140ནས་འདེམ་ཤོག་འཕངས་པ་རེད།

རུ་ཝང་ཏཱའི་ཙུང་ཐུང་འདེམ་བསྐོའི་བྱ་འགུལ་ལ་སྐོར་ཐེངས་གཅིག་ལ་འདེམ་ཤོག་འཕེན་པའི་ལམ་ལུགས་སྤྱད་ཡོད་པ་དང་། འདེམ་སྒུག་པའི་གྲས་ཀྱི་འདེམ་ཤོག་ཐོབ་ཚད་ཆེས་མང་བོ་དེ་རྒྱལ་སྲིད། ཁཱ་ཅཱ་མཱེ་དང་རུ་ཝང་ཏཱའི་དམངས་གཙོ་ལྗང་མདོག་ཏང་གི་མགོ་ཁྲིད་པ་ཧཱ་པུས་ནེ་ཀྲ། དེ་མིན་སྒེར་གྱི་འདེམ་སྒུག་པ་མུའུ་ཕཱ་དབྱེ་མཱ་ནཱ་བཅས་བསྡོམས་པས་ཙུང་ཐུང་གི་འདེམ་སྒུག་མི་སྣ་གསུམ་འགྲན་རྩོད་ལ་ཞུགས་པ་རེད།

གྲོས་ཁང་དམངས་གྲོས་ཁང་གི་འདེམ་བསྐོའི་ཁྲོད། བསྡོམས་པས་འདེམ་སྒུག་པ་ལྔ་བརྒྱ་དང་གྱ་དགུ་ཞུགས་ཡོད་པ་དང་གྲོས་ཁང་གི་ལས་གནས་བརྒྱད་ཅུར་འགྲན་རྩོད་བྱེད་རྒྱུ་རེད།

དཔོན་ཕྱོགས་ཀྱིས་བསྒྲགས་པ་ལྟར་ན། རུ་ཝང་ཏཱའི་ཙུང་ཐུང་འདེམ་བསྐོ་དང་གྲོས་ཁང་དམངས་གྲོས་ཁང་གི་འདེམ་བསྐོའི་ཐོག་མའི་མཇུག་འབྲས་དེ་ཆེས་འགོར་ཡང་ཚེས20ཉིན་ཁྱབ་བསྒྲགས་བྱེད་རྒྱུ་ཡིན་པ་དང་། ཆེས་མཇུག་མཐའི་མཇུག་འབྲས་དེ་ཚེས27ཉིན་གྱི་སྔོན་ལ་ཁྱབ་བསྒྲགས་བྱེད་རྒྱུ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།