ཨ་ཧྥུའུ་ཧན་ཤར་ཕྱོགས་ཀྱི་ཞིང་ཆེན་གཉིས་ལ་ཆུ་ལོག་གི་འཇིགས་པ་ཐེབས་ནས་ཉུང་མཐར་ཡང་མི་བཞི་བཅུ་རྐྱེན་ལམ་དུ་ཤོར།
2024.07.16 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 22

ཨ་ཧྥུའུ་ཧན་གྱི་དཔོན་རིགས་ཀྱིས་ཚེས15ཉིན་བཤད་རྒྱུར། ཨ་ཧྥུའུ་ཧན་ལྷོ་ཕྱོགས་ཀྱི་ནན་ཀི་ཧཱ་ཨར་ཞིང་ཆེན་དང་ཁུའུ་ནཱ་ཨར་ཞིང་ཆེན་དུ་ཉིན་དེར་དྲག་ཆར་བབས་པའི་དབང་གིས་ཆུ་ལོག་གི་གནོད་འཚེ་བྱུང་སྟེ། ཉུང་མཐར་ཡང་མི40རྐྱེན་ལམ་དུ་ཤོར་བ་དང་། མི230ལ་རྨས་ཕོག་ཡོད་ཟེར།

ནན་ཀི་ཧཱ་ཨར་ཞིང་ཆེན་གྱི་བརྡ་འཕྲིན་དང་རིག་གནས་སྡེ་ཁག་གི་འགན་ཁུར་བ་ཁུའུ་ལོས་ཞེ་པཱ་ཏི་ལོན་གྱིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ཞིང་ཆེན་དེའི་ལྟེ་གནས་གྲོང་ཁྱེར་ཅཱ་ལཱ་ལཱ་པཱ་ཏི་དང་སུའུ་ཨར་ཧི་ལོ་ཏི། དེ་མིན་ཉེ་འཁོར་ས་ཁུལ་དུ་ཚེས15ཉིན་གྱི་ཕྱི་དྲོར་ཆུ་ལོག་གི་གནོད་འཚེ་བྱུང་སྟེ། མི35རྐྱེན་ལམ་དུ་ཤོར་བ་དང་། མི230ལ་རྨས་ཕོག་ཡོད་ཟེར། གནོད་འཚེ་ཐེབས་པའི་ས་ཁུལ་དུ་སྔར་བཞིན་ཆར་བ་འབབ་བཞིན་ཡོད་ཀྱང་། ཆར་འབབ་ཚད་ཇེ་ཆུང་དུ་སོང་ཡོད། ཚོད་དཔག་བྱས་ན་ཤི་རྨས་ཐེབས་པའི་མི་གྲངས་སྔར་ལས་ཇེ་མང་དུ་འགྲོ་སྲིད་ཟེར།

ཁུའུ་ནཱ་ཨར་ཞིང་ཆེན་གྱི་གནོད་འཚེ་དོ་དམ་སྡེ་ཁག་གི་འགན་ཁུར་བ་དབྱེ་ཧི་སཱ་ནོའུ་ལཱ་དབྱེ་ཧི་སིང་གིས་བཤད་རྒྱུར། ཞིང་ཆེན་དེར་ཚེས15ཉིན་གྱི་སྔ་དྲོར་ཆུ་ལོག་བྱུང་སྟེ། བྱིས་པ་གཉིས་དང་བཅས་པའི་མི་ལྔ་རྐྱེན་ལམ་དུ་ཤོར་ཟེར།

ཟླ་གསུམ་པའི་ཟླ་སྨད་ཚུན་ལ། ཨ་ཧྥུའུ་ཧན་གྱི་ས་ཁུལ་མང་བོར་ཆར་བ་དྲག་པོ་འབབ་པའི་ནམ་ཟླ་བྱུང་སྟེ། ཆུ་ལོག་དང་རི་ཉིལ་བ་སོགས་ཀྱི་གནོད་འཚེ་བྱུང་ནས། མི400ལྷག་རྐྱེན་ལམ་དུ་ཤོར་ཡོད།


བསོད་ནམས་ཚེ་རིང་གིས་བསྒྱུར།