ཡའོ་ནན་གྱི་ཙུང་ལི་ཧྥན་མེན་ཀྲིན་གྱིས་ཉེ་སྔོན་བསྟན་དོན། ཡའོ་ནན་ཕྱོགས་ཀྱིས་ཀྲུང་གོ་དང་མཉམ་དུ་ཏང་ཁག་གཉིས་ཀྱི་ཆེས་མཐོའི་མགོ་ཁྲིད་པའི་ཐུན་མོང་ལྟ་ཚུལ་མྱུར་མོར་དངོས་འབེབས་བྱེད་པ་དང་། རྒྱུན་ཆད་མེད་པར་ཆབ་སྲིད་ཡིད་ཆེས་ཇེ་དྲག་ཏུ་གཏོང་བ། དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ། དམངས་ཀྱི་འདོད་བློའི་རྨང་གཞི་སྲ་བརྟན་དུ་གཏོང་བ། ཕྱོགས་མང་རོགས་ལས་ལ་ཤུགས་སྣོན་པ། འགལ་བ་ཐག་གཅོད་ཡང་དག་བྱེད་པ་བཅས་བྱས་ཏེ། འཐབ་ཇུས་དོན་སྙིང་ལྡན་པའི་ཡའོ་ནན་དང་ཀྲུང་གོའི་ལས་སྐལ་གཅིག་མཐུན་ཚོགས་པར་རྩ་བ་རྒྱས་ཤིང་མེ་ཏོག་བཞད་པར་སྐུལ་འདེད་གཏོང་འདོད་ཡོད་ཟེར།
ཧྥན་ཀྲིན་མེན་གྱིས་ཡའོ་ནན་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཞོན་པའོ་ལ་གྱེས་ཕྱག་ཐུག་འཕྲད་བྱེད་སྐབས་བསྟན་དོན། མིག་སྔར་ཡའོ་ནན་དང་ཀྲུང་གོའི་འབྲེལ་བར་འཕེལ་རྒྱས་ཀྱི་རྣམ་པ་བཟང་བོ་སྲུང་འཛིན་བྱས་ཡོད་པ་དང་། ཏང་ཁག་གཉིས་ཀྱི་སྤྱི་ཁྱབ་ཧྲུའུ་ཅི་ཡིས་ལོ་རྒྱུས་རང་བཞིན་ལྡན་པའི་སྒོ་ནས་ཕན་ཚུན་འཚམས་འདྲི་མཛད་ཅིང་། འཐབ་ཇུས་དོན་སྙིང་ལྡན་པའི་ཡའོ་ནན་དང་ཀྲུང་གོའི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་རྒྱུ་ཁྱབ་བསྒྲགས་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དེ་འཕེལ་རྒྱས་ཀྱི་དུས་རིམ་གསར་བ་ཞིག་ཏུ་བསླེབས་པར་སྐུལ་འདེད་བཏང་། ཡའོ་ནན་ཕྱོགས་ཀྱིས་རིམས་ནད་འགོག་རྒོལ་བྱེད་པའི་དཀའ་ཚེགས་ཆེ་བའི་དུས་སྐབས་སུ། ཀྲུང་གོ་ཕྱོགས་ཀྱིས་དུས་ལྟར་ཡའོ་ནན་ལ་འགོག་སྨན་འདོན་སྤྲོད་བྱས་ཏེ་ཡའོ་ནན་དཀའ་ཁག་ལ་ཐར་བར་རོགས་རམ་བྱས་པ་དང་། ཡའོ་ནན་གྱིས་དཀའ་སྡུག་མཉམ་མྱོང་དང་ཕན་ཚུན་རོགས་རེས་བྱེད་པའི་མཛའ་བརྩེ་ཟབ་མོ་དེར་མཐོང་ཆེན་བྱེད་བཞིན་ཡོད་ཟེར།
ཞོན་པའོ་ཡིས་བསྟན་དོན། ལས་འགན་ཁུར་བའི་ལོ་ལྔའི་རིང་ལ། ཀྲུང་གོ་དང་ཡའོ་ནན་ཏང་ཁག་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྐས་རིམ་གསར་བ་ཞིག་ཏུ་བསླེབས་པ་དང་དུས་རིམ་གསར་བ་ཞིག་ཏུ་བསླེབས་པ་བདེན་དཔང་ཐོབ་ཡོད། མིག་སྔར་ཕྱོགས་གཉིས་ཀྱིས་ཏང་ཁག་གཉིས་ཀྱི་ཆེས་མཐོའི་མགོ་ཁྲིད་པའི་ཐུན་མོང་ལྟ་ཚུལ་དངོས་འབེབས་བྱས་ཤིང་། རྒྱལ་ཁབ་གཉིས་ཀྱི་ཆབ་སྲིད་ཡིད་ཆེས་དང་བདེ་འཇགས་མཉམ་ལས། དངོས་གཉེར་མཉམ་ལས། མི་གཞུང་བརྗེ་རེས། ཕྱོགས་མང་མཐུན་སྦྱོར་རོགས་འདེགས། འགལ་བའི་དོ་དམ་ཚོད་འཛིན་ཐག་གཅོད་དེ་སྔར་ལས་མཐོ་ཞིང་ཟབ་པ་དང་བརྟན་ཅིང་བཟང་བའི་ཕྱོགས་སུ་གཏན་འཇགས་ངང་འཕེལ་རྒྱས་འགྲོ་བཞིན་ཡོད་ལ། རྒྱུན་ཆད་མེད་པར་སྤུན་ཟླ་ལྟ་བུའི་སྲོལ་རྒྱུན་མཛའ་བརྩེའི་དུས་རབས་གསར་བའི་ནང་དོན་ཁ་སྣོན་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཡའོ་ནན་ཕྱོགས་དང་མཉམ་དུ། ཆེས་མཐོའི་མགོ་ཁྲིད་པའི་འཐབ་ཇུས་ཁྲིད་སྟོན་རྒྱུན་འཁྱོངས་བྱས་ཤིང་། ལག་རྡང་སྦྲེལ་ནས་རྒྱལ་ཁབ་རང་རང་གི་གནས་ཚུལ་དང་འཚམ་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་དང་རང་རང་གི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་གྱི་བགྲོད་ལམ་དུ་ཞུགས་ནས། མཉམ་དུ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་དང་མིའི་རིགས་ཀྱི་གོང་འཕེལ་དང་། འཛམ་གླིང་གི་ཞི་བདེ་དང་གཏན་འཇགས། འཕེལ་རྒྱས་བཅས་ཀྱི་ཆེད་དུ་བྱས་རྗེས་གསར་བ་འཇོག་འདོད་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།