སི་རི་ཡཱའི་སྨྱན་བྱད་མེས་རྒྱལ་ཚགས་པར་གྱིས་ཚེས15ཉིན་བསྒྲགས་པ་ལྟར་ན། སི་རི་ཡཱའི་ཚོང་བ་གྲགས་ཅན་ཁཱ་ཐི་ཅི་ལ་ཉིན་དེར་དབྱི་སི་རལ་གྱི་འཇབ་རྒོལ་ཐེབས་ནས་རྐྱེན་ལམ་དུ་ཤོར་ཟེར།
བསྒྲགས་པ་ལྟར་ན། ཁཱ་ཐི་ཅི་བསྡད་ཡོད་པའི་རླངས་འཁོར་ལ་ཚེས15ཉིན་གྱི་ཕྱི་དྲོར་སི་རི་ཡཱ་དང་ཕཱ་རེ་སིའི་མཐའ་མཚམས་ས་ཁུལ་ནས་དབྱི་སི་རལ་གྱི་འགས་གཏོར་ཐེབས་པ་དང་། ཁཱ་ཐི་ཅི་འཇབ་རྒོལ་ཁྲོད་རྐྱེན་ལམ་དུ་ཤོར་ཟེར།
གཞན་ཡང་སྤྱི་ཁྱབ་པུའུ་དབྱིན་ཇི་རུ་ཡོད་པའི་སི་རི་ཡཱའི་འགྲོ་མིའི་ཐོབ་ཐང་ལྟ་ཞིབ་རྩ་འཛུགས་ཀྱིས་བསྒྲགས་པ་ལྟར་ན། ཁཱ་ཐི་ཅི་བསྡད་ཡོད་པའི་རླངས་འཁོར་དེར་སི་རི་ཡཱའི་རྒྱལ་ས་ཏཱ་མཱ་ཧྲི་ཀི་ནས་ལེ་པཱ་ནུན་གྱི་རྒྱལ་ས་པེ་རུ་ཐིའི་བར་གྱི་གཞུང་ལམ་སྟེང་ནས་དབྱི་སི་རལ་གྱི་མི་མེད་གནམ་གྲུའི་འཇབ་རྒོལ་ཐེབས་ནས། ཁཱ་ཐི་ཅི་དང་ཁོའི་ལག་རོགས་པ་ཞིག་རྐྱེན་ལམ་དུ་ཤོར་ཟེར།
རྩ་འཛུགས་དེས་བཤད་རྒྱུར། ཁཱ་ཐི་ཅི་དང་སི་རི་ཡཱའི་སྲིད་གཞུང་བར་འབྲེལ་བ་ཟབ་མོ་ཡོད་པ་དང་། དམངས་དམག་རྩ་འཛུགས་མང་བོར་མ་དངུལ་འདོན་སྤྲོད་བྱེད་པའི་འགན་ཁུར་ཡོད་ཟེར།
གཞན་ཡང་ཨ་མེ་རི་ཁའི་ནོར་སྲིད་དྲ་རྒྱས་ཁྱབ་བསྒྲགས་བྱས་པའི་གནས་ཚུལ་ལྟར་ན། ཨ་མེ་རི་ཁས2018ལོའི་ཟླ9བར་ཁཱ་ཐི་ཅི་དང་དེའི་ཀུང་ཟི་ཞིག་ལ་བཀག་སྡོམ་བྱེད་ཐབས་ལག་བསྟར་བྱས་པ་རེད།
དེ་ནི་གཟའ་འཁོར་གཅིག་གི་ནང་དབྱི་སི་རལ་གྱིས་སི་རི་ཡཱའི་མངའ་ཁོངས་ཀྱི་དམིགས་འབེན་ལ་འཇབ་རྒོལ་བྱས་ཐེངས་གསུམ་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།