ཁོ་ལོམ་པུ་ཡཱའི་རྒྱལ་སྲུང་པུའུ་ཡི་པུའུ་ཀྲང་པེ་ལཱ་སི་ཁི་སི་ཡིས་ཚེས16ཉིན་ཁྱབ་བསྒྲགས་བྱས་དོན། ཁོ་ལོམ་པུ་ཡཱ་སྲིད་གཞུང་གིས་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་རྩ་འཛུགས་ཀྲུང་དབྱང་ཇུས་འདོན་པུའུ་ཡི་ཕྱོགས་ཁག་སྐོར་ཞིག་གི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་ལག་བསྟར་བྱེད་མཚམས་བཞག་ཡོད་ཟེར།
པེ་ལཱ་སི་ཁི་སི་ཡིས་ཉིན་དེར་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཀྲུང་དབྱང་ཇུས་འདོན་པུའུ་ཡི་ཕྱོགས་ཁག་གཅིག་གིས་ཉེ་བའི་ཟླ་ངོ་འགའི་རིང་ལ་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་ལ་འགལ་བའི་སྒོ་ནས་འཇིགས་སྐུལ་བྱ་སྤྱོད་སྤེལ་ཏེ་དམག་དཔུང་དང་མི་སེར་དཀྱུས་མར་འཇབ་རྒོལ་བྱས་པས། ཁོས་དམག་དཔུང་ལ་བཀའ་རྒྱ་བཏང་སྟེ། ཀྲུང་དབྱང་ཇུས་འདོན་པུའུ་ཡི་ཕྱོགས་ཁག་དེར་ཤུགས་ཆེན་པོས་དཔུང་འཇུག་བྱེད་དགོས་པའི་ཚུལ་བསྟན། ཁོས་དུས་མཉམ་དུ་ད་རུང་བསྟན་དོན། ཁོ་ལོམ་པུ་ཡཱའི་སྲིད་གཞུང་དང་རྩ་འཛུགས་དེའི་ཞི་བའི་གྲོས་མོལ་ལ་རྒྱབ་སྐྱོར་བྱེད་པའི་ཕྱོགས་ཁག་བར་ཟླ་ངོ་གསུམ་རིང་འཁྲུག་རྩོད་མཚམས་འཇོག་རྒྱུ་ཡིན་ཟེར།
ཀྲུང་དབྱང་ཇུས་འདོན་པུའུ་ནི་ཁོ་ལོམ་པུ་ཡཱའི་ཆེས་ཆེ་བའི་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་པ་ཁོ་ལོམ་པུ་ཡཱའི་གསར་བརྗེའི་དྲག་ཆས་སྟོབས་ཤུགས་ཞེས་པའི་ཆེས་ཆེ་བའི་ཡན་ལག་རུ་ཁག་ཡིན་པ་དང་། ཁོ་ལོམ་པུ་ཡཱའི་གསར་བརྗེའི་དྲག་ཆས་སྟོབས་ཤུགས་ཀྱིས2016ལོར་སྲིད་གཞུང་བར་ཞི་བའི་གྲོས་མཐུན་བཀོད་པ་དང་། 2017ལོར་སྲིད་ཏང་བཙུགས་པ་དངོས་སུ་ཁྱབ་བསྒྲགས་བྱས། ཡིན་ཡང་དེའི་ཁོངས་གཏོགས་དྲག་ཆས་ཕྱོགས་ཁག་སྐོར་ཞིག་གིས་ངོ་རྒོལ་བྱས་པར་མ་ཟད་ཡན་ལག་ཕྱོགས་ཁག་བཙུགས་ཡོད་ལ། དེའི་ནང་ཀྲུང་དབྱང་ཇུས་འདོན་པུའུ་ཞེས་པའང་འདུས་ཡོད་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།