ཀྲུང་གོ་དང་འཇར་མན་གྱི་ཆེད་མཁས་པས་དཔལ་འབྱོར་མཉམ་ལས་ཀྱི་གོ་སྐབས་གསར་བར་གྲོས་བསྡུར་བྱས།
2024.07.17 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 33

མུའུ་ནེ་ཧེ་རུ་སྡོད་པའི་ཀྲུང་གོའི་གཞུང་དོན་ཁང་དང་པཱ་ཧྥ་ལེ་ཡཱ་མངའ་སྡེའི་ཕྱིར་གཏོང་སྤྲོ་སྐྱིད་ཁང་མཐུན་ཚོགས་ཀྱིས་ཚེས15ཉིན་འཇར་མན་གྱི་མུའུ་ནེ་ཧེ་ནས་བརྗོད་སྙིང་ནི་ཀྲུང་གོའི་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་ཁྲོད་ཀྱི་ནུས་པ་སྟེ། འགྲན་རྩོད་དང་གོ་སྐབས་ཞེས་པའི་བགྲོ་གླེང་ཚོགས་འདུ་བསྡུས། ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་མདུན་ལྗོངས་དང་ནུས་ཁུངས་ཐོན་ལས་གསར་བའི་གནས་ཚུལ། ཀྲུང་གོ་དང་ཡོ་རོབ་གླིང་གི་ལྗང་མདོག་མཉམ་ལས་རོགས་གླེང་གཞིར་དམིགས་ཏེ། ཚོགས་ཞུགས་ཀྱི་ཀྲུང་གོ་དང་འཇར་མན་གྱི་ཆེད་མཁས་པས་དཔལ་འབྱོར་མཉམ་ལས་ཀྱི་གོ་སྐབས་ལ་གྲོས་བསྡུར་ཟབ་མོ་བྱས།

མུའུ་ནེ་ཧེ་རུ་སྡོད་པའི་ཀྲུང་གོའི་དོན་གཞུང་དོན་ཁང་གི་སྤྱི་ཁྱབ་དོན་གཅོད་པ་ཚབ་མ་ལིན་ཁའེ་ཡིས་བསྟན་དོན། ཀྲུང་གོ་དང་འཇར་མན་གྱི་འབྲེལ་བའི་ཁྲོད། དཔལ་འབྱོར་ཉོ་ཚོང་མཉམ་ལས་ཀྱིས་ཐོག་མཐའ་བར་གསུམ་དུ་རྨང་རྡོ་ལྟ་བུའི་ནུས་པ་འདོན་བཞིན་ཡོད་ཅིང་། མིག་སྔའི་འཛམ་གླིང་ཡོངས་ཀྱི་ཉེན་ཁ་དང་འགྲན་རྩོད་མདུན་ནས། བཀག་རྒྱ་སེལ་བ་དང་ལག་རྡང་སྦྲེལ་ནས་མཉམ་ལས་བྱེད་པ་དང་། མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག་བྱས་ཏེ་ཐུན་མོང་འཕེལ་རྒྱས་མཉམ་དུ་བརྩོན་ལེན་བྱེད་དགོས། ཀྲུང་གོས་བློ་བརྟན་འགྱུར་མེད་ཀྱིས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་སྐུལ་འདེད་གཏོང་བ་དང་། པཱ་ཧྥ་ལེ་ཡཱ་མངའ་སྡེ་དང་བཅས་པའི་འཇར་མན་རྒྱལ་ཡོངས་ཀྱི་ཁེ་ལས་དག་ཀྲུང་གོར་ཡོང་ནས་དངུལ་གཏོང་ལས་སྤེལ་བྱས་ནས། ཀྲུང་གོ་དང་འཇར་མན་བར་གྱི་དཔལ་འབྱོར་ཉོ་ཚོང་འགྲོ་འོང་ཐད་བྱས་རྗེས་གལ་ཆེན་འཇོག་པར་དགའ་བསུ་ཞུ་བཞིན་ཡོད་ཟེར།

མུའུ་ནེ་ཧེའི་ཕྱི་འབྲེལ་སྲིད་ཇུས་སློབ་ཚོགས་ཀྱི་ཏུང་ཧྲི་ཚོགས་པའི་ཁོངས་མི་ལའེ་ནཱ་ཧྲི་ཏིས་ནཱ་ཡིས་བསྟནདོན། འཇར་མན་དང་ཀྲུང་གོའི་ཉོ་ཚོང་འབྲེལ་བ་དེ་རྒྱལ་ཁབ་གཉིས་ལ་གལ་འགངས་ཧ་ཅང་ཆེ། འཇར་མན་གྱི་དཔལ་འབྱོར་ལ་འདས་པའི་ལོ་མང་བོའི་རིང་ལ་ལེགས་འགྲུབ་ཆེན་པོ་བྱུང་བ་དང་། ཀྲུང་གོའི་བཅོས་བསྒྱུར་སྒོ་འབྱེད་ཚུན་གྱི་འགྱུར་ལྡོག་ཆེན་མོ་ལས་ཉོ་ཚོང་དང་ཕྱིར་གཏོང་ཐད་ཕན་ཐོགས་ཆེན་པོ་བྱུང་། དེ་བས་རྒྱལ་སྤྱིའི་ཉོ་ཚོང་གི་སྒོ་འབྱེད་རང་བཞིན་དང་མམ་ལས་རང་བཞིན་སྲུང་འཛིན་བྱེད་པ་དེ་རྒྱལ་ཁབ་གཉིས་ལ་མཚོན་ན་གལ་འགངས་ཧ་ཅང་ཆེ་ཟེར།

ཕྱི་ཕྱོགས་དཔལ་འབྱོར་ཉོ་ཚོང་སློབ་ཆེན་ཀྲུང་གོའི་འཛམ་གླིང་ཉོ་ཚོང་རྩ་འཛུགས་ཞིབ་འཇུག་གླིང་གི་མགོ་བ་ཐུའུ་ཞིན་ཆོན་གྱིས་བསྟན་དོན། ཀྲུང་གོས་སྒོ་ཁྲལ་ཇེ་ཉུང་དུ་གཏོང་བ་དང་། ཉོ་ཚོང་སྟབས་བདེ་ཅན་ལ་སྐུལ་འདེད་གཏོང་བ། ཕྱི་དངུལ་ཚོང་རའི་ཞུགས་འཐུས་ཆོག་མཆན་ཇེ་ལྷོད་དུ་གཏོང་བ། ལམ་ཡིག་སྲིད་ཇུས་ལེགས་བསྒྱུར་བྱེད་པ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་ཕྱི་ཕྱོགས་སྒོ་འབྱེད་ལ་མུ་མཐུད་དུ་སྐུལ་འདེད་གཏོང་བཞིན་ཡོད་ཟེར།

སྔར་ལས་ལྷག་པའི་སྒོ་ནས་ཀྲུང་གོར་མ་དངུལ་གཏོང་བའི་སྲིད་ཇུས་དྲིལ་སྒྲོག་བྱེད་པར་ཤུགས་སྣོན་པ་དང་། ས་གནས་ཀྱི་ཚོང་འགུག་དངུལ་འདྲེན་ལ་རོགས་འདེགས་བྱེད་པ། མུའུ་ནེ་ཧེ་རུ་སྡོད་པའི་གཞུང་དོན་ཁང་དང་ས་ཁོངས་དེར་ཤུགས་རྐྱེན་ལྡན་པའི་འཇར་མན་གྱི་ཚོང་དོན་མཐུན་ཚོགས་བཅས་ཀྱིས་མཉམ་ལས་བྱས་ཏེ་འཇར་མན་གྱི་ཁེ་ལས་གཞུང་དོན་ཁང་དུ་བསྐྱོད་དེ་ཀྲུང་གོའི་དཔལ་འབྱོར་ལ་ཉེ་ས་ནས་རྒྱུས་ལོན་བྱེད་པའི་བྱ་འགུལ་རབ་དང་རིམ་པ་སྤེལ། ཐེངས་འདིའི་བགྲོ་གླེང་ཚོགས་འདུ་ནི་བྱ་འགུལ་དེའི་ཡ་གྱལ་ཡིན་པ་དང་། པཱ་ཧྥ་ལེ་ཡཱ་མངའ་སྡེའི་ཕྱི་གཏོང་སྤྲོ་སྐྱིད་ཁང་མཐུན་ཚོགས་ཀྱི་ཁོངས་གཏོགས་ཁེ་ལས་དང་ལས་ཁུངས་བདུན་ཅུ་ལྷག་གི་འཐུས་མི་ཚོགས་འདུར་ཞུགས་ཡོད།


བསོད་ནམས་ཚེ་རིང་གིས་བསྒྱུར།