ཧྥ་རན་སིའི་ཙུང་ཐུང་བཞུགས་ཤག་གིས་ཚེས16ཉིན་སྤྱི་སྒྲོག་སྤེལ་ཏེ། ཙུང་ཐུང་མཱ་ཁི་ལུང་གིས་ཉིན་དེར་ཙུང་ལི་ཨ་ཐཱ་ཨར་གྱི་ལས་ཁུར་དགོངས་ཞུའི་སྙན་ཞུར་ཆོག་མཆན་བཀོད་པར་མ་ཟད། ཨ་ཐཱ་ཨར་སྲིད་གཞུང་གིས་སྲིད་གཞུང་གསར་བ་རྩ་འཛུགས་མ་བྱས་གོང་མུ་མཐུད་དུ་ཉིན་རྒྱུན་གྱི་སྲིད་དོན་ཐག་གཅོད་བྱེད་དགོས་པའི་རེ་བ་བཏོན།
ཧྥ་རན་སིའི་རྩ་ཁྲིམས་དང་བཅའ་ཁྲིམས་ལས་ཙུང་ཐུང་གིས་ཙུང་ལི་བསྐོ་འཇོག་བྱེད་པའི་དུས་ཚོད་ཐད་འབྲེལ་ཡོད་ཀྱི་གཏན་འཁེལ་བྱས་མེད། ཙུང་ཐུང་བཞུགས་ཤག་གི་སྤྱི་སྒྲོག་ལས་ཏག་ཁག་གཙོ་བོ་སོ་སོས་རོགས་ལས་བྱས་ནས་མནའ་འབྲེལ་བཙུགས་ནས་མྱུར་མོར་བར་བརྒལ་དུས་སྐབས་མཇུག་སྒྲིལ་དུ་འཇུག་དགོས་པའི་འབོད་སྐུལ་བཏང་། མཱ་ཁི་ལུང་གིས་དེའི་སྔོན་ཡོངས་བསྒྲགས་ཀྱི་འཕྲིན་ཡིག་ཅིག་ལས་ཏག་ཁག་གཙོ་བོ་དག་གིས་གྲོས་མོལ་བྱེད་དགོས་པའི་འབོད་སྐུལ་བཏང་བར་མ་ཟད། ཁོས་ཐུན་མོང་ལྟ་ཚུལ་གཙོ་བོའི་རྨང་གཞིའི་སྟེང་ཙུང་ལི་གསར་བ་བསྐོ་འཇོག་བྱེད་རྒྱུ་ཡིན་ཟེར།
ཟླ་འདིའི་ཚེས7ཉིན། ཧྥ་རན་སི་ཡིས་རྒྱལ་དམངས་གྲོས་ཁང་གི་འདེམ་བསྐོའི་སྐོར་ཐེངས་གཉིས་པའི་འདེམ་ཤོག་འཕེན་པའི་བྱ་འགུལ་སྤེལ། ཧྥ་རན་སིའི་ཆབ་སྲིད་སྲོལ་རྒྱུན་ལྟར་ན། རྒྱལ་དམངས་གྲོས་ཁང་གི་འདེམ་བསྐོའི་རྗེས་སུ། འདེམ་བསྐོའི་མཇུག་འབྲས་ཅི་འདྲ་ཡིན་ཡང་། ཙུང་ལི་ཡིས་ཙུང་ཐུང་ལ་ལས་ཁུར་དགོངས་ཞུ་བྱེད་དགོས་པ་རེད། ཚེས8ཉིན། ཨ་ཐཱ་ཨར་གྱིས་མཱ་ཁི་ལུང་ལ་ལས་ཁུར་དགོངས་ཞུའི་སྙན་ཞུ་སྤྲད་ཀྱང་། གནས་སྐབས་སུ་ལས་འགན་ཁུར་ནས་རྒྱལ་ཁབ་གཏན་འཇགས་ཡོང་བར་འགན་སྲུང་བྱེད་དགོས་པའི་རེ་བ་བཏོན་པ་རེད།
ཧྥ་རན་སིའི་སྐབས་གསར་བའི་རྒྱལ་དམངས་གྲོས་ཁང་གིས་ཟླ་འདིའི་ཚེས18ཉིན་ཚང་འཛོམས་གྲོས་ཚོགས་ཐོག་མ་སྤེལ་རྒྱུ་ཐག་བཅད་ཡོད་པ་དང་། དེ་ལས་གྲོས་དཔོན་གསར་བ་བདམས་ཐོན་བྱེད་རྒྱུ་རེད།
ཨ་ཐཱ་ཨར་གྱི་ལས་ཁུར་དགོངས་ཞུའི་སྙན་ཞུར་ཆོག་མཆན་ཐོབ་རྗེས། ཨ་ཐཱ་ཨར་སྲིད་གཞུང་གི་བདམས་ཐོན་བྱུང་བའི་གྲོས་མི་དག་གིས་དུས་མཉམ་དུ་རྒྱལ་དམངས་གྲོས་ཁང་ནས་ལས་འགན་ཁུར་ཆོག་པ་དང་། ཨ་ཐཱ་ཨར་རང་ཉིད་ཀྱང་གྲོས་མིར་བདམས་ཡོད་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།