ཨེ་ཅིབ་ཀྱི་ཙུང་ཐུང་སེ་ཞི་ཡིས་ཚེས16ཉིན་ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་ལ་ཁ་པར་བཏང་སྟེ། ཕྱོགས་གཉིས་ཀྱིས་གཙོ་བོ་ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པར་སྐུལ་འདེད་གཏོང་བ་སོགས་ཀྱི་གནད་དོན་ལ་གྲོས་བསྡུར་བྱས། མགོ་ཁྲིད་པ་གཉིས་ཀྱིས་བསྐྱར་སྒྲོག་བྱས་དོན། རྒྱལ་ཁབ་གཉིས་ཀྱི་ཇུས་གཞི་དངོས་འབེབས་བྱེད་པར་སྐུལ་འདེད་གཏོང་དགོས་ལ། དེ་ནི་ས་ཁུལ་དེའི་ཡུན་རིང་བདེ་འཇགས་དང་གཏན་འཇགས་མངོན་འགྱུར་བྱེད་པའི་ཐབས་ལམ་ཆེས་བཟང་བོ་ཡིན་ཟེར།
ཨེ་ཅིབ་ཀྱི་ཙུང་ཐུང་བཞུགས་ཤག་གིས་ཉེ་སྔོན་གསལ་སྒྲོག་སྤེལ་ཏེ། སེ་ཞི་ཡིས་ཁ་པར་གཏོང་སྐབས་ཨེ་ཅིབ་ཀྱིས་འཁྲུག་རྩོད་མཚམས་འཇོག་པ་དང་བཀག་འཇུག་ཐེབས་པའི་མི་སྣའི་བརྗེ་སྤོར་ལ་སྐུལ་འདེད་གཏོང་ཆེད་བར་འདུམ་ཐད་འབད་བརྩོན་བྱས་པའི་དོན་ལ་ཕྱིར་དྲན་བྱས་པར་མ་ཟད། རྒྱལ་སྤྱིའི་སྟོབས་ཤུགས་ལ་མཉམ་འབྲེལ་བྱས་ཏེ་འདུམ་འགྲིག་ལ་སྐུལ་འདེད་གཏོང་བ་དང་། དཀའ་སྡུག་གི་གནས་སུ་ལྷུང་བའི་ཅཱ་ཧྲ་ས་ཁུལ་གྱི་མི་དམངས་ལ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་འདང་ཚིམས་པ་འདོན་སྤྲོད་བྱེད་དགོས་པ་ནན་བཤད་བྱས།
གསལ་སྒྲོག་ལས་ད་རུང་བཤད་རྒྱུར། རྒྱལ་ཁབ་གཉིས་ཀྱི་ཙུང་ཐུང་གིས་གཅིག་གྱུར་སྒོས་བལྟས་ན། རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་བྱེད་པ་དེ་འཁྲུག་རྩོད་རྒྱ་ཡན་དུ་འགྲོ་བར་སྔོན་འགོག་བྱེད་པ་དང་། ས་ཁུལ་དེར་ཡང་བསྐྱར་འཁྲུག་རྩོད་གསར་བ་འབྱུང་བར་སྔོན་འགོག་བྱེད་པར་དོན་སྙིང་གལ་ཆེན་ལྡན་པར་འདོད།
བསོད་ནམས་ཚེ་རིང་གིས་བསྒྱུར།