ཀྲུང་གོ་དང་ཨུ་རུ་སིའི2024ལོའི་མཚོ་ཐོག་མཉམ་འབྲེལ་ཞེས་པའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་ཚེས17ཉིན་མཇུག་སྒྲིལ། མཉམ་འབྲེལ་དམག་དོན་སྦྱོང་བརྡར་ལ་ཞུགས་པའི་ཀྲུང་གོ་དང་ཨུ་རུ་སིའི་མཚོ་ཐོག་གྲུ་གཟིངས་རུ་ཁག་གིས་སྔོན་ནས་གཏན་འཁེལ་བྱས་པའི་རྣམ་གྲངས་ཀྱི་སྦྱོང་བརྡར་ཡོངས་འགྲུབ་བྱས་རྗེས། ཀོང་ཏུང་ཧྲིན་ཅང་ཉེ་འདབས་ཀྱི་མཚོ་ཁོངས་ག་གེ་མོར་གྲུ་གཟིངས་ཁ་ཁར་བགྲོད་པའི་མཛད་སྒོ་སྤེལ།
ཀྲུང་གོ་དང་ཨུ་རུ་སིའི2024ལོའི་མཚོ་ཐོག་མཉམ་འབྲེལ་ཞེས་པའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་གྱིས་མཚོ་ཐོག་གི་བདེ་འཇགས་འཇིགས་ཉེན་ལ་མཉམ་འབྲེལ་གྱིས་ཁ་གཏད་འཇལ་བ་བརྗོད་སྙིང་དུ་བཟུང་བ་དང་། ཕྱོགས་གཉིས་ཀྱིས་བསྡོམས་པས་དམག་གྲུ་བདུན་དམག་དོན་སྦྱོང་བརྡར་ལ་མངག་ཡོད། གྲུ་ཁའི་འཆར་འགོད་དུས་རིམ་དུ། ཕྱོགས་གཉིས་ཀྱིས་པར་རིས་ངོས་ནས་སྦྱོང་བརྡར་བྱེད་པ་དང་། དམག་གྲུའི་ལྟ་ཞིབ། ཐེ་ཅི་དྲག་རྩལ་གྱི་སློབ་ཁྲིད། འཛམ་གླིང་ཡོངས་ཀྱི་མཛའ་བརྩེའི་འགྲན་སྡུར། གྲུ་གཟིངས་སྟེང་གི་སྣེ་ལེན་ཚོགས་འདུ་སོགས་ཀྱི་བརྗེ་རེས་བྱ་འགུལ་སྤེལ། མཚོ་ཐོག་ནས་སྦྱོང་བརྡར་བྱེད་སྐབས། ཕྱོགས་གཉིས་ཀྱི་སྦྱོང་བརྡར་ལ་ཞུགས་པའི་དམག་ཤུགས་ཀྱིས་རོགས་ལས་ཟབ་མོ་དང་གཞོགས་འདེགས་གང་ལེགས་བྱས་ཏེ། མཉམ་འབྲེལ་མྱུལ་ཞིབ་ཉེན་བརྡ་གཏོང་བ་། མཉམ་འབྲེལ་རྒུད་སྐྱོབ། མཉམ་འབྲེལ་མཁའ་སྲུང་འཕུར་མདའ་ལ་རྒོལ་བ་སོགས་ཀྱི་རྣམ་གྲངས་མང་བོའི་སྦྱོང་བརྡར་མཉམ་དུ་ཡོངས་འགྲུབ་བྱས།
ཐེངས་འདིའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་ལས་ཀྲུང་གོ་དང་ཨུ་རུ་སི་རྒྱལ་ཁབ་གཉིས་ཀྱི་མཚོ་དམག་གི་ཆེད་ལས་བརྗེ་རེས་དང་རྒྱུས་ལོན་ཡིད་ཆེས་ཇེ་དྲག་ཏུ་བཏང་ཡོད་པ་དང་། ཕྱོགས་གཉིས་ཀྱི་དངོས་གཉེར་མཉམ་ལས་ཚད་ལྡན་ཅན་དང་མ་ལག་ཅན་གྱི་འཁོར་སྐྱོད་ལ་སྐུལ་འདེད་བཏང་ཡོད།
2012ལོའི་ཚུན་ལ། མཚོ་ཐོག་མཉམ་འབྲེལ་ཞེས་པའི་དམག་དོན་སྦྱོང་བརྡར་དེ་རྒྱལ་ཁབ་གཉིས་ཀྱི་མཚོ་དམག་མཉམ་ལས་ཀྱི་སྟེགས་བུ་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་དང་། ཕྱོགས་ཡོངས་ནས་མཚོ་ཐོག་མཉམ་འབྲེལ་དམག་དོན་འགུལ་སྐྱོད་ཀྱི་ཆུ་ཚད་མཐོར་འདེགས་བྱེད་པར་སྐུལ་ཁྲིད་བྱས་ཏེ། རྒྱུན་ཆད་མེད་པར་ཕྱོགས་གཉིས་ཀྱིས་བདེ་འཇགས་འཇིགས་ཉེན་དང་འགྲན་རྩོད་ཐག་གཅོད་བྱེད་པའི་ནུས་པ་ཇེ་དྲག་ཏུ་བཏང་ཡོད།
བསོད་ནམས་ཚེ་རིང་གིས་བསྒྱུར།