ཀྲུང་གོའི་སྲིད་གཞུང་གིས་ཨ་ཧྥུའུ་ཧན་ལ་རོགས་སྐྱོར་བྱེད་པའི་སྐོར་ཐེངས་དང་པོའི་བྲེལ་མྱུར་མི་ཆོས་རིང་ལུགས་ཀྱི་དངོས་རྫས་བརྒྱུད་སྤྲོད་བྱེད་པའི་མཛད་སྒོ་ཚེས16ཉིན་ཨ་ཧྥུའུ་ཧན་གྱི་རྒྱལ་ས་ཁཱ་པུའུ་ཨར་གྱི་ཡུལ་གྱར་བའི་ལས་དོན་པུའུ་ནས་སྤེལ།
ཨ་ཧྥུའུ་ཧན་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཀྲའོ་ཞིན་དང་ཨ་ཧྥུའུ་ཧན་གྱི་གནས་སྐབས་སྲིད་གཞུང་གི་ཡུལ་གྱར་བའི་ལས་དོན་པུའུ་ཀྲང་ཚབ་མ་ཧཱ་ཁཱ་ནེ་གཉིས་མཉམ་དུ་བརྒྱུད་སྤྲོད་མཛད་སྒོར་ཞུགས།
ཀྲའོ་ཞིན་གྱིས་བསྟན་དོན། ཨ་ཧྥུའུ་ཧན་ལ་རོགས་རམ་བྱས་ནས་ཡུལ་གྱར་བ་དག་ཕྱིར་རང་ཡུལ་དུ་ལོག་པར་བཀོད་སྒྲིག་བྱེད་ཆེད། ཀྲུང་གོའི་སྲིད་གཞུང་གིས་ཨ་ཧྥུའུ་ཧན་ལ་བྲེལ་མྱུར་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་དངོས་རྫས་འདོན་སྤྲོད་བྱེད་རྒྱུ་ཐག་བཅད་པ་དང་། སྐོར་ཐེངས་དང་པོའི་རྒུད་སྐྱོབ་དངོས་རྫས་དག་ཁཱ་པུའུ་ཨར་དུ་བསྐྱལ་ནས་བརྒྱུད་སྤྲོད་ཡོངས་འགྲུབ་བྱས་ཡོད། ཕྱོགས་སོ་སོའི་ཐུན་མོང་འབད་བརྩོན་འོག ཨ་ཧྥུའུ་ཧན་གྱི་མི་དམངས་དཀའ་ཁག་ལས་རྣམ་པར་རྒྱལས་ནས་ཁྱིམ་གཞིས་སླར་གསོ་བྱེད་ཐུབ་ངེས་ཡིན་པར་ཡིད་ཆེས་ཡོད་ཟེར།
ཧཱ་ཁཱ་ནེ་ཡིས་བཤད་རྒྱུར། ཀྲུང་གོས་ཐེངས་འདིར་རོགས་སྐྱོར་བྱས་པའི་དངོས་རྫས་དེ་ཨ་ཧྥུའུ་ཧན་མངའ་ཁོངས་ཀྱི་ཡུལ་གྱར་བའི་བཀོད་སྒྲིག་ལ་མཚོན་ན་དོན་སྙིང་གལ་ཆེན་ལྡན། ཨ་ཧྥུའུ་ཧན་གྱིས་ཧུར་ཐག་སྒོས་རྒུད་སྐྱོབ་དངོས་རྫས་དེ་དག་བེད་སྤྱོད་གང་ལེགས་བྱས་ནས། དེ་དག་ཆེས་དགོས་མཁོ་ཡོད་པའི་མིར་བགོ་བཤའ་བྱེད་ངེས་ཡིན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།