འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱིས་ཐེངས་དགུ་བར་ཀྲུང་གོའི་ཉོ་ཚོང་སྲིད་ཇུས་ལ་གྲོས་ཞིབ་གྲོས་ཚོགས་ཀྱིས་ཚེས17ཉིན་སུའེ་ཙེར་གྱི་རི་ནེ་ཝ་ནས་ཉིན་དང་པོའི་གྲོས་ཚོགས་བསྡུས།
ཐེངས་འདི་གྲོས་ཞིབ་གྲོས་ཚོགས་ཀྱི་ཚོགས་ཡུན་ཉིན་གཉིས་ཡིན་པ་དང་། ཚོང་དོན་པུའུ་ཡི་པུའུ་ཀྲང་གཞོན་པ་ལིས་ཧྥེ་ཡིས་ཀྲུང་གོའི་འཐུས་ཚབ་ཚོགས་པ་ཁྲིད་དེ་གྲོས་ཞིབ་བྱེད་པའི་གྲོས་ཚོགས་ལ་ཞུགས། ལིས་ཧྥེ་ཡིས་གཏམ་བཤད་སྤེལ་སྐབས་བསྟན་དོན། འཛམ་གླིང་ཉོ་ཚོང་རྩ་འཛུགས་ནི་ཕྱོགས་མང་རིང་ལུགས་ཀྱི་འདེགས་སྐྱོར་གལ་ཆེན་ཞིག་ཡིན་པ་དང་། འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་བཅོས་སྐྱོང་གི་གར་སྟེགས་གལ་ཆེན་ཞིག་ཡིན། ཀྲུང་གོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བགྲོད་ལམ་དུ་བསྐྱོད་པ་རྒྱུན་འཁྱོངས་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པར་སྐུལ་འདེད་བཏང་། 2021ལོའི་ཟླ10བའི་ཐེངས་སྔོན་མའི་གྲོས་ཞིབ་ཀྱི་ཚུན་ལ། ཀྲུང་གོས་ཧུར་ཐག་སྒོས་ངེས་པ་དོན་གྱི་ཕྱོགས་མང་རིང་ལུགས་ལག་བསྟར་བྱས་པ་དང་། འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་ཁྲོད་བསྟུད་མར་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཏེ། གཞི་རྒྱ་ཆེ་བའི་ཚོང་རས་འཛམ་གླིང་ཡོངས་ལ་གོ་སྐབས་སྔར་ལས་མང་བོ་འདོན་སྤྲོད་བྱས། ཀྲུང་གོས་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་བར་གྱི་མཉམ་ལས་ལ་ཤུགས་སྣོན་བྱེད་པ་དང་། འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་གྲོས་གཞི་དངོས་འབེབས་བྱས་ཏེ། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དག་ལ་མགྱོགས་མྱུར་འཕེལ་རྒྱས་འབྱུང་བར་རྒྱབ་སྐྱོར་བྱེད་བཞིན་ཡོད་ཟེར།
འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱི་ཁོངས་གཏོགས་འཐུས་མིས་ཚོགས་ཐོག་ནས་ཀྲུང་གོས་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་འཕར་སྣོན་ལ་སྐུལ་འདེད་གཏོང་བ་དང་། ཕྱོགས་མང་ཉོ་ཚོང་སྒྲིག་ལུགས་ལ་སྲུང་སྐྱོབ་བྱེད་པའི་ཐད་བྱས་རྗེས་གལ་ཆེན་བཞག་པར་གདེང་འཇོག་ཆེན་པོ་བྱས་ཤིང་། ཀྲུང་གོས་རྒྱལ་ནང་གི་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་སྔར་ལས་ལྷག་པའི་སྒོ་ནས་སྒོ་འབྱེད་རྒྱ་བསྐྱེད་པའི་སྲིད་ཇུས་བྱེད་ཐབས་ལ་གཟེངས་བསྟོད་བྱས། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དག་གིས་ཀྲུང་གོས་བྱ་སྤྱོད་དངོས་ལས་རང་ཉིད་ལ་རྒྱབ་སྐྱོར་བྱས་པ་དང་། ཁྱད་པར་དུ་ཆེས་དར་རྒྱས་མིན་པའི་རྒྱལ་ཁབ་ཀྱི་མགྱོགས་མྱུར་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་པ་དང་སྔར་ལས་ལྷག་པའི་སྒོ་ནས་ཕྱོགས་མང་ཉོ་ཚོང་སྒྲིག་ལུགས་ནང་འདྲེས་པར་བྱས་པར་གཟེངས་བསྟོད་བྱེད་བཞིན་ཡོད་ཟེར།
ཁོངས་གཏོགས་རྒྱལ་ཁབ་ཀྱི་འཐུས་མིས་བསྟན་དོན། ཀྲུང་གོའི་དཔལ་འབྱོར་དེ་ཕྱི་ཕྱོགས་ཀྱི་འགྲན་རྩོད་མང་བོའི་འོག་བབ་བསྟུན་གྱི་ནུས་པ་ཆེན་པོ་མངོན་པར་བྱས་ཡོད། 2023ལོར་བརྒྱ་ཆའི་ལྔ་དང་གྲངས་ཆུང་གཉིས་འཕར་སྣོན་བྱུང་བ་དང་། དེ་ནི་པྲོག་གསར་གློ་ཚད་རིམས་ནད་བྱུང་རྗེས་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་སླར་གསོ་བྱེད་པའི་སྐུལ་འདེད་སྟོབས་ཤུགས་གཙོ་བོ་ཡིན། ཀྲུང་གོ་ནི་ཁོངས་གཏོགས་རྒྱལ་ཁབ་མང་བོའི་ཆེས་གལ་ཆེ་བའི་ཉོ་ཚོང་གྲོགས་པོ་ཡིན་ལ། ཉེ་བའི་ལོ་འགའི་རིང་ལ་སྒོ་ཁྲལ་ཇེ་ཉུང་དུ་གཏོང་བ་དང་སྒོ་ཁྲལ་ལས་རིམ་ལེགས་བསྒྱུར་བྱེད་པ། ལྡོག་ཕྱོགས་ཀྱི་གསལ་ཁྲ་འདོན་པ་སོགས་ཀྱི་རྣམ་པར་བརྟེན་ནས་ཉོ་ཚོང་དངུལ་གཏོང་གི་རང་དབང་ཅན་དང་སྟབས་བདེ་ཅན་ལ་སྐུལ་འདེད་བཏང་ཡོད་ཟེར།
ཁོངས་གཏོགས་རྒྱལ་ཁབ་ཀྱི་འཐུས་མིས་ཀྲུང་གོས་བསྟུད་མར་ཚོང་ར་ཅན་གྱི་བཅོས་བསྒྱུར་ལ་སྐུལ་འདེད་གཏོང་བ་དང་། ལག་རྩལ་གསར་གཏོད་ལ་ཤུགས་སྣོན་པ་སོགས་ལ་བརྟེན་ནས་དཔལ་འབྱོར་ལྷད་མེད་སྤོར་བསྒྱུར་དང་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། འཛམ་གླིང་ཡོངས་ཀྱི་ཐན་ཉུང་ལྷད་མེད་འཕེལ་རྒྱས་དང་། ནམ་ཟླའི་འགྱུར་ལྡོག་ཐག་གཅོད་བྱེད་པ་སོགས་ཀྱི་ཐད་འབུར་དུ་ཐོན་པའི་བྱས་རྗེས་བཞག་པར་ཁས་ལེན་གང་ལེགས་བྱས།
ཁོངས་གཏོགས་རྒྱལ་ཁབ་ཀྱི་འཐུས་མིས་བསྟན་དོན། ཀྲུང་གོ་ནི་འགན་ཁུར་བའི་འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་གལ་ཆེན་ཞིག་ཡིན་ཞིང་། དངུལ་གཏོང་སྟབས་བདེ་ཅན་དང་གློག་རྡུལ་ཚོང་དོན་གྲོས་མོལ། ཞབས་ཞུའི་ཉོ་ཚོང་རྒྱལ་ཁབ་ནང་ཁུལ་གྱི་སྒྲིག་སྲོལ། འགྱིག་ཤོག་སྦགས་བཙོག་གི་བཅོས་སྐྱོང་། ཉ་གསོ་ལས་རིགས་ཀྱི་ཁ་གསབ་སོགས་གྲོས་གཞིའི་གྲོས་བསྡུར་ལ་སྐུལ་འདེད་གཏོང་བ་དང་། རྩོད་གླེང་ཐག་གཅོད་བྱེད་པའི་རྐྱེན་སྲོལ་གྱི་བཅོས་བསྒྱུར་ལ་རྒྱབ་སྐྱོར་བྱེད་པ་དང་ཞུ་གཏུག་ལས་ཁུངས་ཀྱི་འཁོར་སྐྱོད་སླར་གསོར་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་བྱས་རྗེས་གལ་ཆེན་བཞག་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།