ཁམ་ཕུ་ཀྲེའི་རྒྱལ་བོས་ཀྲུང་གོའི་བར་གྱི་སྲོལ་རྒྱུན་མཛའ་བརྩེ་སྔར་ལས་ཇེ་ཟབ་ཏུ་འགྲོ་སྲིད་པའི་ཚུལ་བསྟན།
2024.07.19 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 15

ཁམ་ཕུ་ཀྲེའི་རྒྱལ་བོ་ཞི་ཧཱ་མའོ་ནེ་ཡིས་ཚེས17ཉིན་ཅིན་པེན་ནས་བསྟན་དོན། ཀྲུང་གོ་ནི་ཁམ་ཕུ་ཀྲེའི་རྟག་བརྟན་གྱི་གྲོགས་པོ་ཡིན་ཞིང་། ཁམ་ཕུ་ཀྲེ་དང་ཀྲུང་གོའི་སྲོལ་རྒྱུན་མཛའ་བརྩེ་དེ་སྔར་ལས་ཇེ་ཟབ་ཏུ་འགྲོ་སྲིད་པ་དང་། ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་སྲིད་ཟེར།

ཞི་ཧཱ་མའོ་ནེ་ཡིས་ཉིན་དེར་ཁམ་ཕུ་ཀྲེ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་གསར་བ་ཝང་ཝུན་པེན་གྱིས་སྤྲད་པའི་རྒྱལ་ཡིག་དང་ལེན་བྱེད་སྐབས་བཤད་རྒྱུར། ཁོས་ཀྲུང་གོས་ཀྲུའུ་ཞི་ཞི་ཅིན་ཕིང་གི་མཁས་མཛངས་ལྡན་པའི་མགོ་ཁྲིད་འོག འཕེལ་རྒྱས་ཀྱི་གྲུབ་འབྲས་ཆེན་པོ་བླངས་པར་གཟེངས་བསྟོད་བྱེད་བཞིན་ཡོད་པ་དང་། ཀྲུང་གོའི་སྲིད་གཞུང་དང་མི་དམངས་ཀྱིས་དུས་ཡུན་རིང་བོར་ཁམ་ཕུ་ཀྲེ་ཕྱོགས་ལ་རྒྱབ་སྐྱོར་དང་རོགས་རམ་བྱས་པར་སྙིང་ཐག་པ་ནས་བཀའ་དྲིན་ཞུ་བཞིན་ཡོད་ཟེར། ཞི་ཧཱ་མའོ་ནེ་ཡིས་བསྟན་དོན། ཁམ་ཕུ་ཀྲེ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་མཐའ་གཅིག་ཏུ་ལག་བསྟར་བྱེད་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་རྒྱུད་གཅིག་ལམ་གཅིག་སོགས་ཀྱི་གྲོས་འདོན་གལ་ཆེན་དག་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད་ཟེར།

ཝང་ཝུན་པེན་གྱིས་བསྟན་དོན། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པའི་ཐུན་མོང་སྣེ་ཁྲིད་འོག ཀྲུང་གོ་དང་ཁམ་ཕུ་ཀྲེའི་འབྲེལ་བ་དེ་སྤུས་ཚད་མཐོ་ཞིང་ཆུ་ཚད་མཐོ་བ་དང་། ཚད་གཞི་མཐོབའི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་བྱེད་པའི་དུས་རབས་གསར་བར་བསླེབས་ཡོད། རང་ཉིད་ཀྱིས་ཁམ་ཕུ་ཀྲེ་ནས་གཞུང་ཚབ་ཆེན་མོའི་འགན་ཁུར་བར་ལས་འགན་ལ་གཟི་བརྗིད་ཆེ་ཞིང་འགན་འཁྲི་ལྷག་ཏུ་ཆེ། ཁོས་ཁམ་ཕུ་ཀྲེའི་ལས་རིགས་སོ་སོའི་མི་སྣ་དག་དང་མཉམ་དུ། ཀྲུང་གོ་དང་ཁམ་ཕུ་ཀྲེའི་སྤུན་གྲོགས་ལྟ་བུའི་མཛའ་བརྩེའི་འབྲེལ་བ་སྲ་བརྟན་དང་ཇེ་ཟབ་ཏུ་གཏོང་བར་ནུས་པ་ཡོད་དགུ་འདོན་རྒྱུ་ཡིན་ཟེར།

ཝང་ཝུན་པེན་གྱིས་ཟླ7པའི་ཚེས5ཉིན་ཁམ་ཕུ་ཀྲེ་རུ་འབྱོར་ནས་ལས་འགན་ཁུར་བ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།