ཨེ་ཅིབ་ཀྱི་རིག་མཛོད་དེ་འཛམ་གླིང་ཡོངས་ཀྱི་མ་འོངས་པའི་ཞིབ་འཇུག་གླེང་སྟེགས་ཀྱིས་ཉེ་སྔོན་ཁེ་རོ་ནས་ཀྲུང་གོ་དང་དབུས་ཤར་གྱི་ཞི་བདེ་ཞེས་པའི་བགྲོ་གླེང་ཚོགས་འདུ་བསྡུས། ཚོགས་ཞུགས་ཀྱི་ཨེ་ཅིབ་ཆབ་སྲིད་ལས་རིགས་ཀྱི་མི་སྣ་མང་བོས་བསྟན་དོན། ཀྲུང་གོ་ནི་འགན་ཁུར་བའི་རྒྱལ་ཁབ་ཆེན་མོ་ཞིག་དང་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་རྒྱལ་ཁབ་ཡིན་པའི་ཆ་ནས། དབུས་ཤར་གནད་དོན་དང་བཅས་པའི་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ཐད་བསམ་བློའི་སྟོབས་ཤུགས་དང་འགུལ་སྐྱོད་ཇུས་གཞི་འདོན་སྤྲོད་བྱས་ཡོད་ལ། ཀྲུང་གོས་དབུས་ཤར་གྱི་ཞི་བདེ་དང་གཏན་འཇགས། འཕེལ་རྒྱས་བཅས་ལ་སྲུང་སྐྱོབ་དང་སྐུལ་འདེད་གཏོང་བའི་ཐད་ནུས་པ་སྔར་ལས་ཆེན་པོ་འདོན་པར་རེ་སྒུག་བྱེད་བཞིན་ཡོད་ཟེར།
ཨེ་ཅིབ་ཏུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ལེའོ་ལི་ཆང་དང་། ཨེ་ཅིབ་སྲིད་གཞུང་གི་དཔོན་རིགས། སྲིད་ཏང་གི་མགོ་ཁྲིད་པ། སྔོན་ཆད་ཀྱི་ཆབ་སྲིད་མགོ་ཁྲིད་པ། དེ་མིན་ཀྲུང་གོ་དང་ཨེ་ཅིབ་ཀྱི་སྨྱན་བྱད་མི་སྣ་སོགས་བགྲོ་གླེང་ཚོགས་འདུར་ཞུགས།
ཨེ་ཅིབ་ཀྱི་མེས་རྒྱལ་སྲུང་སྐྱོབ་མཁན་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི། འཛམ་གླིང་ཡོངས་ཀྱི་མ་འོངས་པའི་ཞིབ་འཇུག་གླེང་སྟེགས་ཀྱི་ཀྲུའུ་ཞི་ཐཱ་ལི་ཁི་ནཱ་ཞི་ཨར་གྱིས་བསྟན་དོན། ཀྲུང་གོས་ཉེ་བའི་ལོ་འགའི་རིང་བཏོན་པའི་གྲོས་འདོན་རབ་དང་རིམ་པའི་དམིགས་ཡུལ་ནི་འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་སོ་སོའི་ཐུན་མོང་འཕེལ་རྒྱས་དང་ཞི་བདེ་མངོན་འགྱུར་བྱེད་པའི་ཆེད་ཡིན། ཐེངས་འདིའི་བགྲོ་གླེང་ཚོགས་འདུ་ནས་ཀྲུང་གོ་དང་ས་ཁུལ་དེའི་རྒྱལ་ཁབ་ཀྱིས་འབྲེལ་འདྲིས་བྱས་ཏེ་འབྲེལ་ཟམ་སྔར་ལས་མང་བོ་བཙུགས་ཏེ། ས་ཁུལ་གྱི་རྒྱལ་ཁབ་དག་གིས་ཀྲུང་གོའི་འཕེལ་རྒྱས་འདུ་ཤེས་གསར་བར་དཔེ་ལྟ་བྱེད་པའི་གོ་སྐབས་ཡོད་པར་བྱས་ཏེ། ས་ཁུལ་དེའི་རྒྱལ་ཁབ་དང་མི་དམངས་ཀྱིས་འཕེལ་རྒྱས་ལ་བརྟེན་ནས་ཉམས་ཉེན་ཐག་གཅོད་བྱེད་པ་མངོན་འགྱུར་བྱེད་པར་རོགས་འདེགས་བྱེད་པའི་རེ་བ་ཡོད་ཟེར།
ཨེ་ཅིབ་ཀྱི་ཕྱི་འབྲེལ་པུའུ་ཡི་ཨེ་ཤ་ཡཱ་ཤར་ལྷོའི་ལས་དོན་གྱི་མཐོ་རིམ་དཔོན་པོ་ཧཱ་ཏི་ཨར་གྱིས་བཤད་རྒྱུར། ཀྲུང་གོས་ནམ་རྒྱུན་དབུས་ཤར་ས་ཁུལ་གྱི་རྒྱལ་ཁབ་དག་གི་འཕེལ་རྒྱས་མངོན་འགྱུར་བྱེད་པ་དང་། མི་དམངས་ཀྱི་ཕན་བདེ་ཇེ་དྲག་ཏུ་གཏོང་བར་འབད་འབུངས་བྱས་ཏེ། ས་ཁུལ་གྱི་ཞི་བདེ་དང་གཏན་འཇགས་ཐད་རྨང་གཞི་བརྟན་པོ་བཏིང་ཡོད། ཨེ་ཅིབ་ཀྱི་ཀྲུང་གོའི་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ནས། དབུས་ཤར་ས་ཁུལ་གྱི་ཉམས་ཉེན་སྣ་ཚོགས་ཐག་གཅོད་བྱས་ཏེ་ཞི་བདེ་དང་འཁྲུག་རྩོད་མཚམས་འཇོག་པ་མངོན་འགྱུར་བྱེད་འདོད་ཡོད་ཟེར།
ཨེ་ཅིབ་ཀྱི་སྔོན་ཆད་ཀྱི་ཕྱི་འབྲེལ་བློན་ཆེན། ཨེ་ཅིབ་ཕྱི་འབྲེལ་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་མུའུ་ཧན་མའོ་ཏི་ཝུའུ་ལཱ་པུས་ཀྱིས་བསྟན་དོན། འཕེལ་རྒྱས་ནི་ཞི་བདེ་མངོན་འགྱུར་བྱེད་པར་མེད་དུ་མི་རུང་བའི་རྒྱུ་རྐྱེན་ཅིག་ཡིན། གལ་ཏེ་འཕེལ་རྒྱས་མངོན་འགྱུར་བྱེད་ཐབས་མེད་ན། དབུས་ཤར་ས་ཁུལ་གྱི་ཞི་བདེ་དང་གཏན་འཇགས་གླེང་ཐབས་མེད། ཀྲུང་གོས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ནས་ནུས་པ་གལ་ཆེན་བཏོན་ཡོད་ལ། དབུས་ཤར་ས་ཁུལ་གྱི་རྒྱལ་ཁབ་དག་གིས་ཀྲུང་གོའི་བློ་གྲོས་དང་ཀྲུང་གོའི་ཇུས་གཞིར་དཔེ་ལྟ་བྱེད་པར་དགོས་གལ་ཧ་ཅང་ཆེ་ཟེར།
ལེའོ་ལི་ཆང་གིས་ཞུ་ཚིག་འབུལ་སྐབས་ཀྲུང་གོས་དབུས་ཤར་གནད་དོན་ཐད་ཀྱི་ལངས་ཕྱོགས་དང་འདོད་བློ་བསྐྱར་སྒྲོག་བྱས་པ་དང་། མྱུར་མོར་འཁྲུག་རྩོད་མཚམས་འཇོག་པ་དང་། འཁྲུག་རྩོད་རྒྱ་ཡན་དུ་འགྲོ་བར་སྔོན་འགོག་བྱེད་པ། ཟོལ་མེད་ཀྱིས་རྒྱལ་ཁབ་གཉིས་ཀྱི་ཇུས་གཞི་ལག་བསྟར་བྱས་ཏེ། ཕཱ་ལེ་སི་ཐན་གྱི་གནད་དོན་དེ་སྔ་མོ་ནས་དྲང་བདེན་ངང་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་དགོས་པའི་འབོད་སྐུལ་བཏང་།
བསོད་ནམས་ཚེ་རིང་གིས་བསྒྱུར།