དབྱི་སི་རལ་གྱི་ཙུང་ལི་ཡིས་དབྱི་སི་རལ་གྱི་དམག་དཔུང་གིས་ལཱ་ཧྥ་རུ་དམག་དོན་གནོན་ཤུགས་སྟེར་བར་ཤུགས་སྣོན་བྱས་ན་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་འགོད་པར་ཕན་ཐོགས་ཡོད་པའི་ཚུལ་བསྟན།
2024.07.19 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 28

དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཚེས18ཉིན་ཅཱ་ཧྲའི་ལྷོ་ཕྱོགས་ཀྱི་ལཱ་ཧྥ་གྲོང་ཁྱེར་ནས་བསྟན་དོན། དབྱི་སི་རལ་གྱི་དམག་དཔུང་གིས་ལཱ་ཧྥ་ནས་ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སིའི་དམག་དོན་གནོན་ཤུགས་ཇེ་ཆེར་བཏང་ན། འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་འགོད་པར་ཕན་ཐོགས་ཡོད་ཟེར།

དབྱི་སི་རལ་གྱི་ཙུང་ལིའི་གཞུང་སྒྲུབ་ཁང་གིས་ཉིན་དེར་སྤེལ་བའི་གསལ་སྒྲོག་ལྟར་ན། ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ལཱ་ཧྥ་ནི་ཧཱ་མཱ་སིའི་མགྲིན་པ་ལྟ་བུ་ཡིན་པས། དབྱི་སི་རལ་ཕྱོགས་ཀྱིས་ས་ཁུལ་དེ་ནས་ཧཱ་མཱ་སིའི་དམག་དོན་གནོན་ཤུགས་ཇེ་ཆེར་བཏང་ནས། ཧཱ་མཱ་སི་ཡིས་འཁྲུག་རྩོད་མཚམས་འཇོག་པའི་དུས་རིམ་དང་པོར་བཀག་འཇུག་ཐེབས་པའི་མི་སྣ་མང་བོ་ཕྱིར་གཏོང་བའི་རེ་བ་འདོན་དགོས། གནོན་ཤུགས་ཟུང་ལྡན་དེ་རིགས་ཀྱིས་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་འགོད་པར་སྐུལ་འདེད་གཏོང་ཐུབ་ཟེར།

གསལ་སྒྲོག་ལས་ད་རུང་བཤད་རྒྱུར། ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཉིན་དེར་ཧྥེ་ཁྲིན་བར་ཁྱམས་ཉེ་འདབས་ནས་དབྱི་སི་རལ་གྱི་ས་ངོས་དམག་དཔུང་གིས་ས་ཁུལ་དེར་འཐབ་འཁྲུག་བྱས་པའི་གནས་ཚུལ་སྐོར་གྱི་སྙན་ཞུར་ཉན་པ་དང་། ཧྥེ་ཁྲིན་བར་ཁྱམས་དང་ལཱ་ཧྥ་གྲུ་ཁ་ཚོད་འཛིན་བྱེད་པ་དེ་དབྱི་སི་རལ་གྱི་མ་འོངས་པར་གལ་འགངས་ཧ་ཅང་ཆེ་ཟེར།

དབྱི་སི་རལ་གྱི་སྲིད་གཞུང་དཔོན་རིགས་ཀྱིས་ཟླ་འདིའི་ཚེས་བཞི་ཉིན་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བདེན་དཔང་བྱས་དོན། ནེ་ཐཱ་ནི་ཡཱ་ཧུའུ་ཡིས་མུ་མཐུད་དུ་ཧཱ་མཱ་སི་དང་མཉམ་དུ་འཁྲུག་རྩོད་མཚམས་འཇོག་པ་དང་། བཀག་འཇུག་མི་སྣ་ཕྱིར་གཏོང་བ་སོགས་ཀྱི་ཐད་ནས་ཐད་ཀར་མིན་པའི་གྲོས་མོལ་བྱེད་པར་ཆོག་མཆན་བཀོད་པར་མ་ཟད། བཀག་འཇུག་མི་སྣ་ཕྱིར་གཏོང་བའི་གནད་དོན་གྱི་གྲོས་མོལ་ཚན་ཆུང་མངག་གཏོང་བྱེད་པར་ཆོག་མཆན་བཀོད་ཡོད་ཟེར། གཟའ་འཁོར་སྔོན་མར་ཨ་མེ་རི་ཁ་ཞུགས་པའི་གནས་ཚུལ་འོག ཨེ་ཅིབ་དང་ཁཱ་ཐར་གྱིས་སྐོར་ཐེངས་གསར་བའི་གྲོས་མོལ་ལ་མགོ་འཛིན་བྱས། དེའི་དམིགས་ཡུལ་ནི་དབྱི་སི་རལ་དང་ཧཱ་མཱ་སི་ཡིས་གྲོས་མཐུན་འགོད་པ་དང་བཀག་འཇུག་ཐེབས་པའི་མི་སྣ་བརྗེ་སྤོར་བྱེད་པའི་གྲོས་མཐུན་འགོད་པར་སྐུལ་འདེད་གཏོང་ཆེད་ཡིན་ཡང་གྲུབ་འབྲས་ཆེན་པོ་ཐོབ་མེད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།