ཡའོ་ནན་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུའུ་ཀྲུང་སྐུ་གཤེགས།
2024.07.20 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 15

ཡའོ་ནན་གུང་ཁྲན་ཏང་ཀྲུང་དབྱང་བདེ་སྲུང་ཨུ་ཡོན་ལྷན་ཁང་གིས་ཚེས19ཉིན་སྤེལ་བའི་གནས་ཚུལ་ལྟར་ན། ཡའོ་ནན་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུའུ་ཀྲུང་ཉིན་དེར་ནད་ཀྱི་དབང་གིས་སྐུ་གཤེགས་པ་དང་། ད་ལོར་དགུང་ལོ80རེད་ཟེར།

ཡའོ་ནན་གུང་ཁྲན་ཏང་ཀྲུང་དབྱང་བདེ་སྲུང་ཨུ་ཡོན་ལྷན་ཁང་གིས་བཤད་རྒྱུར། རོང་ཧྥུའུ་ཀྲུང་ལ་ནད་བྱུང་ནས་དུས་ཡུན་ངེས་ཅན་འགོར་ཡོད་པ་དང་། དེའི་སྐབས་སུ་སེམས་ཞིབ་མོས་གསོ་བཅོས་དང་གཉོར་སྐྱོང་བཟང་བོ་བྱས་ཀྱང་། ལོ་ན་མཐོ་བ་དང་ནད་ཚབས་ཆེན་ཡིན་པས། ས་དེའི་ཚེས19ཉིན་གྱི་ཕྱི་དྲོའི་དུས་ཚོད་གཅིག་དང་སྐར་མ་སོ་བརྒྱད་སྟེང་ཡའོ་ནན་དམག་དཔུང་གི108ཀྲུང་དབྱང་སྨན་ཁང་ནས་སྐུ་གཤེགས་པ་རེད་ཟེར།

བསྒྲགས་པ་ལྟར་ན། ཡའོ་ནན་གྱིས་རོན་ཧྥུའུ་ཀྲུང་ལ་རྒྱལ་ཁབ་རིམ་པའི་དུས་འཇུག་བྱེད་རྒྱུ་ཡིན་པ་དང་། ཡའོ་ནན་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དང་། ཡའོ་ནན་རྒྱལ་ཚོགས། རྒྱལ་ཁབ་ཀྱི་ཀྲུའུ་ཞི། སྲིད་གཞུང་། མེས་རྒྱལ་འཐབ་ཕྱོགས་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་བཅས་ཀྱིས་འབྲེལ་ཡོད་བཀོད་སྒྲིག་ཐད་ནས་དམིགས་བསལ་སྤྱི་སྒྲོག་སྤེལ་རྒྱུ་རེད།

ཡའོ་ནན་དཔོན་ཕྱོགས་ཀྱིས་རོན་ཧྥུའུ་ཀྲུང་སྐུ་གཤེགས་པའི་གནས་ཚུལ་ཁྱབ་བསྒྲགས་བྱས་རྗེས། ཡའོ་ནན་རྒྱལ་ནང་གི་བརྙན་འཕྲིན་ཁང་མང་བོས་རོན་ཧྥུའུ་ཀྲུང་གི་རྒྱུ་ཆའི་དངོས་བྲིས་བརྙན་རིས་བསྟན་པ་དང་། དྲ་ཚིགས་ཆེན་མོ་དག་ཁ་དོག་དཀར་ནག་ཏུ་བསྒྱུར་བར་མ་ཟད། གཙོ་ངོས་སུ་རོན་ཧྥུའུ་ཀྲུང་གི་ལོ་རྒྱུས་སོགས་ནང་དོན་ལ་འབྲེལ་བའི་རྩོམ་ཡིག་དང་པར་རིས་སྤེལ་ཡོད་ལ། ཡའོ་ནན་གྱི་མང་ཚོགས་དག་གིས་ཀྱང་ལང་ལོང་སྒོས་དྲ་ཐོག་བརྒྱུད་དེ་མྱ་ངན་ཞུ་བཞིན་ཡོད།

སྔ་ཉིན་ཡའོ་ནན་གུང་ཁྲན་ཏང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་དམག་དཔུང་གི108ཀྲུང་དབྱང་སྨན་ཁང་ནས་མཛད་སྒོ་སྤེལ་ཏེ། རོན་ཧྥུའུ་ཀྲུང་ལ་ཡའོ་ནན་གྱི་ཆེས་མཐོའི་གཟི་བརྗིད་གཟེངས་རྟགས་བྱིན་པར་མ་ཟད། དེ་ནི་ཏང་དང་རྒྱལ་ཁབ། མི་དམངས་བཅས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུའུ་ཀྲུང་གིས་ཡའོ་ནན་ཏང་དང་ཡའོ་ནན་མི་རིགས་གསར་བརྗེའི་ལས་དོན་ཐད་བཞག་པའི་ཕུལ་དུ་བྱུང་བའི་བྱས་རྗེས་ལ་ཁས་ལེན་གང་ལེགས་བྱས་པ་ཡིན་ཟེར། ཡའོ་ནན་གུང་ཁྲན་ཏང་ཀྲུང་དབྱང་ཆབ་སྲིད་ཅུའུ་དང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཁོངས་མི་ཚང་མ་དང་། རོན་ཧྥུའུ་ཀྲུང་གི་ཁྱིམ་མི་སོགས་གཟེངས་རྟགས་སྟེར་བའི་མཛད་སྒོར་ཞུགས།

ཡའོ་ནན་འཕྲིན་གཏོང་ཁང་གིས་ཉིན་དེར་བསྒྲགས་པ་ལྟར་ན། རོན་ཧྥུའུ་ཀྲུང་ལ་གཅིག་བསྡུས་གསོ་བཅོས་བྱེད་དགོས་པས། འབྲེལ་ཡོད་ཀྱི་གཏན་འཁེལ་ལྟར། ཡའོ་ནན་གུང་ཁྲན་ཏང་ཀྲུང་དབྱང་ཆབ་སྲིད་ཅུའི་ཨུ་ཡོན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་སུའུ་ལིན་གྱིས་ཡའོ་ནན་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དང་ཆབ་སྲིད་ཅུའུ། ཧྲུའུ་ཅི་ཁྲུའུ་བཅས་ཀྱི་བྱ་བར་ཁྲིད་སྟོན་བྱེད་པའི་འགན་ཁུར་བ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།