མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱལ་སྤྱིའི་ཁྲིམས་ཁང་གིས་ཚེས19ཉིན་བློ་འདྲིའི་བསམ་འཆར་ཅིག་སྤེལ་ཏེ། དབྱི་སི་རལ་གྱིས་མྱུར་མོར་ཕཱ་ལེ་སི་ཐན་མངའ་ཁོངས་ཀྱི་ཁྲིམས་འགལ་བཙན་བཟུང་མཇུག་སྒྲིལ་དགོས་པའི་སྐུལ་མ་བཏང་།
རྒྱལ་སྤྱིའི་ཁྲིམས་ཁང་གིས་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་རེ་ཞུ་ལྟར་བློ་འདྲིའི་བསམ་འཆར་དེ་སྤེལ་བ་ཡིན། རྒྱལ་སྤྱིའི་ཁྲིམས་ཁང་གི་ཡོན་ཀྲང་སཱ་ལཱ་མུའུ་སྒྲོག་འདོན་བྱས་པའི་བློ་འདྲིའི་བསམ་འཆར་ལྟར་ན། དབྱི་སི་རལ་གྱིས་ཕཱ་ལེ་སི་ཐན་མངའ་ཁོངས་ཀྱི་བཙན་བཟུང་བྱ་སྤྱོད་དེ་རྒྱལ་སྤྱིའི་བཅའ་ཁྲིམས་དང་འགལ་ཡོད་པས། ངེས་པར་དུ་ཁྲིམས་འགལ་གྱི་བཙན་བཟུང་དེ་མཇུག་སྒྲིལ་དགོས་ཟེར།
དེ་ལས་གཞན་དབྱི་སི་རལ་གྱིས་ཕཱ་ལེ་སི་ཐན་གྱི་བཙན་བཟུང་ཐེབས་པའི་མངའ་ཁོངས་སུ་གཏན་སྡོད་བྱེད་ས་འཛུགས་སྐྲུན་བྱེད་པའི་བྱ་སྤྱོད་དེ་ཡང་རྒྱལ་སྤྱིའི་བཅའ་ཁྲིམས་ལ་འགལ་ཡོད་པས། ངེས་པར་དུ་མྱུར་མོར་འབྲེལ་ཡོད་ཀྱི་བྱ་འགུལ་མཚམས་བཞག་ནས་གཏན་སྡོད་མཁན་ཚང་མ་ཕྱིར་འཐེན་བྱེད་དགོས་ལ། དབྱི་སི་རལ་གྱིས་ད་རུང་ཕཱ་ལེ་སི་ཐན་གྱི་བཙན་བཟུང་ཐེབས་པའི་མངའ་ཁོངས་ཀྱི་མི་ཚང་མར་ཐེབས་པའི་གྱོང་གུད་ཐད་ནས་སྐྱིན་ཚབ་སྤྲོད་དགོས་ཟེར།
བློ་འདྲིའི་བསམ་འཆར་ལས་བསྟན་དོན། རྒྱལ་ཁབ་ཚང་མ་དང་མཉམ་འབྲེལ་རྒྱལ་ཚོགས་འདུས་པའི་རྒྱལ་སྤྱིའི་རྩ་འཛུགས་ཚང་མས་དབྱི་སི་རལ་གྱིས་ཕཱ་ལེ་སི་ཐན་མངའ་ཁོངས་ཁྲིམས་འགལ་གྱིས་བཙན་བཟུང་བྱས་པ་དེ་ཁས་ལེན་མི་རུང་བ་དང་། རྒྱལ་ཁབ་ཚང་མས་དབྱི་སི་རལ་ལ་རོགས་བྱས་ནས་ཕཱ་ལེ་སི་ཐན་གྱི་བཙན་བཟུང་ཐེབས་པའི་མངའ་ཁོངས་ཀྱི་ཁྲིམས་འགལ་བྱ་སྤྱོད་སྲུང་འཛིན་བྱེད་མི་རུང་ཟེར།
བློ་འདྲིའི་བསམ་འཆར་ལས་མཉམ་འབྲེལ་རྒྱལ་ཚོགས་དང་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་འབྲེལ་ཡོད་བྱེད་ཐབས་སྤྱད་དེ། མྱུར་མོར་དབྱི་སི་རལ་གྱིས་ཕཱ་ལེ་སི་ཐན་གྱི་མངའ་ཁོངས་བཙན་བཟུང་བྱེད་པའི་ཁྲིམས་འགལ་བྱ་སྤྱོད་མཇུག་སྒྲིལ་དུ་འཇུག་དགོས་པའི་འབོད་སྐུལ་བཏང་།
2022ལོའི་ཟླ12པའི་ཚེས30ཉིན། མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་ནས་གྲོས་ཆོད་བཀོད་དེ། རྒྱལ་སྤྱིའི་ཁྲིམས་ཁང་གིས་དབྱི་སི་རལ་གྱིས་ཕཱ་ལེ་སི་ཐན་གྱི་མངའ་ཁོངས་བཙན་བཟུང་བྱས་པའི་གན་དོན་ཐད་ཐོན་པའི་བཅའ་ཁྲིམས་མཇུག་འབྲས་ལ་བློ་འདྲིའི་བསམ་འཆར་འདོན་སྤྲོད་བྱེད་པའི་རེ་བ་བཏོན་པ་རེད།
དེ་ནི་རྒྱལ་སྤྱིའི་ཁྲིམས་ཁང་གིས་ལོ་ངོ20རིང་ལ་ཐེངས་གཉིས་པར་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་ལ་ཕཱ་ལེ་སི་ཐན་གྱི་མངའ་ཁོངས་བཙན་བཟུང་བྱས་པའི་གནད་དོན་ཐད་ནས་བློ་འདྲིའི་བསམ་འཆར་འདོན་སྤྲོད་བྱེད་པའི་རེ་བ་བཏོན་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།