ཐུ་ནི་ཞི་ཡཱའི་ཙུང་ཐུང་སེ་དབྱེ་ཏི་ཡིས་ཚེས19ཉིན་བརྙན་རིས་བརྒྱུད་དེ་ཁྱབ་བསྒྲགས་བྱས་དོན། ཁོ་རང་ད་ལོའི་ཟླ10བར་སྤེལ་རྒྱུ་ཡིན་པའི་ཙུང་ཐུང་འདེམ་བསྐོའི་བྱ་འགུལ་ལ་ཞུགས་རྒྱུ་ཡིན་ཟེར།
ཐུ་ནི་ཞི་ཡཱའི་ཆེས་མཐོའི་རང་བཙན་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པུའུ་ཨ་སི་ཁའེ་ཨར་གྱིས་ཟླ7པའི་ཚེས4ཉིན་ཁྱབ་བསྒྲགས་བྱས་དོན། ཐུ་ནི་ཞི་ཡཱ་ཡིས་ཟླ10བའི་ཚེས6ཉིན་ཙུང་ཐུང་འདེམ་བསྐོའི་བྱ་འགུལ་སྤེལ་རྒྱུ་ཡིན་པ་དང་། ཆེས་མཐོའི་རང་བཙན་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་ཟླ8པའི་ཚེས10ཉིན་ནས་བཟུང་ཙུང་ཐུང་འདེམ་སྒུག་མི་སྣའི་ཐོབ་ཐང་ལ་ཞིབ་བཤེར་བྱེད་རྒྱུ་ཡིན་པ་དང་། ཟླ9བའི་ཚེས3ཉིན་ཙུང་ཐུང་འདེམ་སྒུག་མི་སྣའི་མིང་ཐོ་ཁྱབ་བསྒྲགས་བྱེད་རྒྱུ་རེད། འགྲན་རྩོད་བྱ་འགུལ་དེ་ཟླ9བའི་ཚེས14ཉིན་མགོ་བརྩམས་ཏེ་ཟླ10བའི་ཚེས4ཉིན་མཇུག་སྒྲིལ་རྒྱུ་ཡིན་ཟེར།
ཐུ་ནི་ཞི་ཡཱའི་ཙུང་ཐུང་འདེམ་བསྐོའི་བྱ་འགུལ་དེ་ལོ་ལྔའི་ནང་ཐེངས་རེ་སྤེལ་བཞིན་ཡོད་པ་དང་། སེ་དབྱེ་ཏི་ནི་ད་ལོར་ལོ66ཡིན་པ་དང་། 2019ལོའི་ཟླ10བར་ཐོག་དང་པོར་ཐུ་ནི་ཞི་ཡཱའི་ཙུང་ཐུང་དུ་བདམས་ཐོན་བྱུང་བ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།