ཝུའུ་ཙི་པེ་ཁི་སི་ཐན་གྱི་ཙུང་ཐུང་དྲ་ཚིགས་ཀྱིས་ཚེས18ཉིན་སྤེལ་བའི་གསལ་སྒྲོག་ལས་བཤད་རྒྱུར། ཝུའུ་ཙི་པེ་ཁི་སི་ཐན་གྱི་ཙུང་ཐུང་མུས་ཨར་ཅི་ཡའོ་ཡེ་ཧྥུའུ་ཡིས་ཉིན་དེར་ཐཱ་ཧྲི་ཀན་ནས་འཚམས་འདྲིར་ཡོང་བའི་ཅིར་ཅི་སི་སི་ཐན་གྱི་ཙུང་ཐུང་ཀྲ་ཕཱ་ལོ་ཧྥུའུ་དང་གྲོས་མོལ་བྱས། ཕྱོགས་གཉིས་ཀྱིས་ཕན་ཚུན་བར་གྱི་ཉོ་ཚོང་འབོར་གྲངས་ཇེ་མཐོར་གཏོང་བར་གྲོས་འཆམ་བྱུང་།
གསལ་སྒྲོག་ལས་བཤད་རྒྱུར། ཀྲ་ཕཱ་ལོ་ཧྥུའུ་ཡི་ཐེངས་འདིའི་འཚམས་འདྲི་ལས་ཕྱོགས་གཉིས་ཀྱི་མཉམ་ལས་ཀྱི་དུས་རིམ་གསར་བ་མགོ་བརྩམས་པ་མཚོན་ཡོད། ཕྱོགས་གཉིས་ཀྱིས་གྲོས་མོལ་བྱེད་སྐབས་ནན་གྱིས་བསྟན་དོན། མིག་སྔའི་ལས་འགན་གཙོ་བོ་ནི་ཕྱོགས་བསྡུས་བྱེད་ཐབས་གཏན་འབེབས་བྱེད་པ་དང་། མ་འོངས་པའི་ལོ་འགའི་ནང་ཕྱོགས་གཉིས་ཀྱི་ཉོ་ཚོང་འབོར་གྲངས་དེ་མེ་སྒོར་ཐེར་འབུམ་གཉིས་ལ་འཕར་བར་རེ་སྒུག་བྱེད་བཞིན་ཡོད། དེ་ལས་གཞན་ཕྱོགས་གཉིས་ཀྱིས་ད་རུང་ཀྲུང་གོ་དང་ཅིར་ཅི་སི་སི་ཐན། ཝུའུ་ཙི་པེ་ཁི་སི་ཐན་བཅས་ཀྱི་ལྕགས་ལམ་སོགས་ས་ཁུལ་གྱི་ལས་གཞི་གཙོ་བོའི་འཕེལ་རྒྱས་གནས་ཚུལ་ལ་དོ་སྣང་བྱེད་རྒྱུ་རེད།
མཚམས་སྦྱོར་བྱས་པ་ལྟར་ན། ཀྲ་ཕཱ་ལོ་ཧྥུའུ་ཡིས་ཚེས18ཉིན་ནས་ཚེས19ཉིན་བར་ཝུའུ་ཙི་པེ་ཁི་སི་ཐན་ལ་རྒྱལ་དོན་འཚམས་འདྲི་བྱས་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།