དབྱི་རག་དམག་ཕྱོགས་ཀྱིས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་གསུམ་བསད།
2024.07.20 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 18

དབྱི་རག་མཉམ་འབྲེལ་འགུལ་སྐྱོད་བཀོད་འདོམ་པུའུ་ཡི་ཁོངས་སུ་གཏོགས་པའི་བདེ་འཇགས་སྨྱན་བྱད་ལྟེ་གནས་ཀྱིས་ཚེས19ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་རག་དམག་ཕྱོགས་ཀྱིས་ཉིན་དེར་དབྱི་རག་བྱང་ཕྱོགས་རི་ཁུལ་གྱི་གནས་ཤིག་ལ་བར་སྣང་འཇབ་རྒོལ་བྱས་ཏེ། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་གསུམ་བསད་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། དབྱི་རག་མཁའ་དམག་གིས་གསང་འཕྲིན་གཞིར་བཟུང་ནས་ས་དེའི་ཚེས19ཉིན་གྱི་ཞོགས་པའི་དུས་ཚོད5སྟེང་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་གྱི་ཅི་ཨར་ཁུའུ་ཁི་ཞིང་ཆེན་དང་སཱ་ལཱ་ཧི་ཏེན་ཞིང་ཆེན་བར་གྱི་ཧཱ་མུའུ་ལིན་རི་ཁུལ་དུ་ཡོད་པའི་སྦས་སྐོང་བྱེད་ས་ཞིག་ལ་བར་སྣང་འཇབ་རྒོལ་བྱས། ཡུལ་དངོས་སུ་མངག་པའི་ས་ངོས་དམག་འཚོལ་ཞིབ་བྱེད་པའི་བདེ་འཇགས་དམག་དཔུང་གིས་དྲག་ཆས་ཉེས་ཅན་གྱི་བེམ་པོ་གསུམ་རྙེད་པ་དང་། མཚོན་ཆ་དང་འཕྲིན་གཏོང་སྒྲིག་ཆས་རེ་འགའ་གཞུང་བཞེས་བྱས་ཡོད་ཟེར།

མིང་བཤད་མི་འདོད་པའི་དབྱི་རག་བདེ་འཇགས་དམག་དཔུང་གི་མི་སྣ་ཞིག་གིས་གསར་འགོད་པར་བཤད་རྒྱུར། དེའི་ནང་དྲག་ཆས་ཉེས་ཅན་གཅིག་ནི་དབྱི་རག་བདེ་འཇགས་དམག་དཔུང་གིས་འཛིན་བཟུང་བཀའ་རྒྱ་བསྒྲགས་པའི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་མཐོ་རིམ་ཁོངས་མི་ཞིག་རེད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།