སྐབས་དྲུག་པའི་ཀྲུང་གོ་དང་ཨ་མེ་རི་ཁའི་མཛའ་འབྲེལ་གྲོང་ཁྱེར་ཚོགས་ཆེན་ནས་རྒྱལ་ཁབ་གཉིས་ཀྱི་ས་གནས་ཀྱི་བརྗེ་རེས་དང་མཉམ་ལས་ལ་ཤུགས་སྣོན་བྱེད་པར་གྲོས་བསྡུར་བྱས།
2024.07.21 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 26

སྐབས་དྲུག་པའི་ཀྲུང་གོ་དང་ཨ་མེ་རི་ཁའི་མཛའ་འབྲེལ་གྲོང་ཁྱེར་ཚོགས་ཆེན་དེ་ཚེས19ཉིན་ཨ་མེ་རི་ཁའི་ཝ་ཧྲིན་ཐོན་མངའ་སྡེའི་ཐཱ་ཁི་མཱ་གྲོང་ཁྱེར་ནས་བསྡུས་པ་དང་། ཀྲུང་གོ་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ནས་ཡོང་བའི་འཐུས་མི་སུམ་བརྒྱ་ཙམ་གྱིས་རྒྱལ་ཁབ་གཉིས་ཀྱི་ས་གནས་ཀྱི་བརྗེ་རེས་དང་མཉམ་ལས་ལ་ཤུགས་སྣོན་བྱེད་པར་གྲོས་བསྡུར་བྱས་ཏེ། ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བའི་འཕེལ་རྒྱས་ལ་ཡུན་རིང་བོའི་སྒུལ་ཤུགས་འདོན་སྤྲོད་བྱས།

ཀྲུང་གོའི་མི་དམངས་ཕྱི་ཕྱོགས་མཛའ་འབྲེལ་མཐུན་ཚོགས་ཀྱི་ཚོགས་གཙོ་དབྱང་ཝན་མེན་གྱིས་ཞུ་ཚིག་འབུལ་སྐབས་ནན་གྱིས་བསྟན་དོན། མཛའ་འབྲེལ་གྲོང་ཁྱེར་དེ་ཀྲུང་གོ་དང་ཨ་མེ་རི་ཁའི་མི་དམངས་ཀྱིས་ཕན་ཚུན་རྒྱུས་ལོན་དང་མཛའ་བཤེས་ཇེ་ཟབ་ཏུ་གཏོང་བའི་སྟེགས་བུ་ནུས་ལྡན་ཞིག་དང་། བརྗེ་རེས་མཉམ་ལས་ཇེ་ཟབ་ཏུ་གཏོང་བ་དང་གཉིས་ཕན་མཉམ་རྒྱལ་བྱེད་པའི་སྒེའུ་ཁུང་གལ་ཆེན་ཞིག་ཏུ་གྱུར་ཡོད། ཨ་མེ་རི་ཁར་སྡོད་པའི་ཀྲུང་གོའི་གཞུང་ཚབ་པ་ཞེ་ཧྥུན་གྱིས་བརྙན་རིས་ཞུ་ཚིག་འབུལ་སྐབས་ནན་གྱིས་བསྟན་དོན། 1979ལོར་ཀྲུང་གོ་དང་ཨ་མེ་རི་ཁས་མཛའ་འབྲེལ་གྲོང་ཁྱེར་གྱི་འབྲེལ་བ་ཐོག་མར་བཙུགས་རྗེས་ཀྱི་ལོ་ངོ་ཞེ་ལྔའི་རིང་ལ། མཛའ་གྲོང་ཁྱེར་གྱི་གྲོགས་པོའི་ཚོམས་བསྟུད་མར་རྒྱ་བསྐྱེད་པ་དང་མཛའ་འབྲེལ་གྲོང་ཁྱེར་གྱི་འབྲེལ་བའི་དྲ་རྒྱ་དེ་སྔར་ལས་ཞིབ་ཚགས་ལྡན་པར་གྱུར་ཡོད་ལ། རྒྱལ་ཁབ་གཉིས་ཀྱིས་མཛའ་འབྲེལ་ཞིང་ཆེན་དང་མངའ་སྡེ། མཛའ་འབྲེལ་གྲོང་ཁྱེར་བཅས286བར་འབྲེལ་བ་བཙུགས་ཡོད་པ་དང་། ཕན་ཚུན་བཟོད་སྒོམ་དང་ཡིད་ཆེས་ཀྱི་འབྲེལ་ཟམ་བཙུགས་ཡོད་པ་དང་མི་དམངས་ཀྱི་མཛའ་བརྩེའི་ཇེ་ཟབ་ཏུ་བཏང་ཡོད་པར་མ་ཟད། ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བར་ཟད་མེད་ཀྱི་སྒུལ་ཤུགས་ཁ་སྣོན་བྱས་ཡོད་ཟེར།

ཐཱ་ཁི་མཱ་གྲོང་ཁྱེར་གྱི་ཧྲི་ཀྲང་ཝེ་ཏའོ་ལེ་ཡཱ་ཝུའུ་ཏཱ་ཙི་ཡིས་བཤད་རྒྱུར། མཛའ་འབྲེལ་གྲོང་ཁྱེར་གྱི་འབྲེལ་བའི་དབང་གིས་ང་ཚོས་རྒྱལ་ཁོངས་བརྒལ་བའི་མཛའ་བཤེས་དང་མཉམ་ལས་ཀྱི་སྦྲེལ་ཟམ་འཛུགས་ཐུབ་པ་བྱུང་ཡོད་ཟེར། ཁོ་མོས་ཕྱོགས་གཉིས་ཀྱིས་མཉམ་དུ་འབད་བརྩོན་བྱས་ནས་མ་འོངས་པའི་འགྲན་རྩོད་ཐག་གཅོད་དང་གོ་སྐབས་དམ་འཛིན་བྱས་ཏེ། འོད་སྣང་དང་དར་རྒྱས་ཀྱི་མ་འོངས་པ་ཞིག་མཉམ་སྐྲུན་བྱེད་དགོས་པའི་རེ་བ་བཏོན།

སྐབས་འདིའི་ཀྲུང་གོ་དང་ཨ་མེ་རི་ཁའི་མཛའ་འབྲེལ་གྲོང་ཁྱེར་ཚོགས་ཆེན་དེ་ནི་ཀྲུང་གོའི་མི་དམངས་ཕྱི་ཕྱོགས་མཛའ་འབྲེལ་མཐུན་ཚོགས་དང་ཨ་མེ་རི་ཁའི་རྒྱལ་སྤྱིའི་ལྕམ་སྲིང་གྲོང་ཁྱེར་མཐུན་ཚོགས་ཀྱིས་མཉམ་དུ་གཙོ་སྒྲུབ་བྱས་པ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།